བོད་པའི་རིག་གཞུང་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས།

མཇུག་བསྡོམས་མཛད་སྒོའི་ཐོག་ྋགོང་ས་མཆོག་ཆིབས་བསྒྱུར་གནང་སྟེ་བཀའ་སློབ་ཕེབས་དོན། “ལོ་ལྔ་བཅུ་ལྷག་ཙམ་གྱི་རིང་ལ་ང་ཚོ་ཚང་མས་ཤེས་ཡོན་ཐོག་ལ་བློ་སེམས་བསྒྲིལ་ཏེ་ཤུགས་བརྒྱབ་པ་རེད། གྲུབ་འབྲས་ཀྱང་གང་འཚམས་ཐོན་ཡོད་པ་རེད། ད་དུང་ཡང་ང་ཚོ་ཆོག་ཤེས་བྱས་ནས་སྡོད་རྒྱུ་རྩ་བ་ཉིད་ནས་རེད་མི་འདུག  དེ་བཞིན་ལས་རིགས་འདྲ་མིན་ནང་ལ་རིགས་གཅིག་རྐང་འཛིན་གྱི་འགན་ལེན་བྱེད་ཐུབ་རྒྱུའི་ཐད་ལ་སློབ་སྦྱོང་མཐའ་འཁྱོལ་བ་ཐོན་ཐུབ་དགོས་རྒྱུ་དེ་གལ་ཆེན་པོ་རེད།  བོད་ནང་ཡོད་པའི་རྒྱ་ཆེའི་མི་མང་ལ་ཧ་ལས་པའི་སྙིང་སྟོབས་དང་སེམས་ཤུགས་ཆེན་པོ་ཡོད་པ་ཚང་མས་ཤེས་གསལ་རེད། ཡིན་ནའང་རང་དབང་གི་གོ་སྐབས་ཡོད་མ་རེད། ང་ཚོ་འདི་གར་རང་དབང་ལུང་པའི་ནང་ལ་རང་དབང་གི་གོ་སྐབས་ཡོད་པ་དེ་ལ། སོ་སོས་སྒྱིད་ལུག་ངན་པ་བྱས། རྣམ་གཡེང་དང་གཞན་དབང་དུ་བཏང༌། ཡང་ན་དོན་དག་ཆུང་ངུ་ལ་མགོ་འཁོར་ནས་བསྡད་པ་ཡིན་ན་ཐབས་སྐྱོ་པོ་རེད། གོ་སྐབས་ཡག་པོ་འདི་འདྲ་ཡོད་དུས་ཉིན་གཅིག་ཡིན་ཡང་འཕྲོ་བརླག་མ་སོང་བ་བྱས་ཏེ་སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་”ཅེས་དང། བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཐོག་ཚང་མས་ཞིབ་འཇུག་དང་དོ་སྣང་དགོས་སྐོར་སོགས་གསུངས་ཡོད་པ་རེད།།