སྲིད་སྐྱོང་འོས་བསྡུའི་འགེང་ཤོག་འཕྲོག་མཁན་ལ་འོས་བླུགས་མི་ཆོག་པའི་ཉེས་པ་བཏང་ཡོད་འདུག

ཟླ་འདིའི་ཚེས་༡༨ ཉིན་བཙན་བྱོལ་བོད་མིའི་བཀའ་ཤག་སྐབས་བཅུ་ལྔ་པའི་སྲིད་སྐྱོང་དང་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་སྔོན་འགྲོའི་འོས་བསྡུ་ཆེན་མོ་བཙན་བྱོལ་བོད་མི་གནས་ཡུལ་འཛམ་གླིང་གི་ས་ཕྱོགས་གང་སར་བྱས་ཡོད་པ་རེད།

unnamed
འོས་བསྡུའི་འགན་འཛིན།

ཉིན་དེར་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སུ་ཡང་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་སྐབས་སེར་སྐྱ་གཉིས་ཀྱི་ནང་འོས་སྒམ་གཅུ་གཉིས་ཙམ་བཙུགས་ནས་འོས་བསྡུ་བྱས་ཡོད་པ་དང་།   ཉིན་དེའི་ཕྱི་དྲོ་འབྲས་སྤུངས་དགོན་པར་འོས་བསྡུའི་སྐབས་གྲྭ་པ་ཞིག་དང་ས་གནས་འོས་བསྡུའི་ལས་བྱེད་བར་གླེང་རྙོག་ཕྲན་བུ་བྱུང་ཡོད་པའི་སྐོར་མོན་གྷོ་ས་གནས་འགོ་འཛིན་དང་འོས་བསྡུའི་འགན་འཛིན་གཅིག་ལྕོགས་ཕུན་ཚོགས་ཚེ་རིང་ལ་གསར་འགོད་པས་བཅར་འདྲི་བྱས་པར།

ཁོང་གིས་འགྲེལ་བརྗོད་གནང་དོན། སྤྱིར་གཏང་ང་ཚོ་མོན་གྷོ་ཌི་ས་གནས་ཀྱི་འོས་བསྡུ་དེ་ལམ་ལྷུང་ཡག་པོ་འགྲོ་བསྡད་ཡོད། ཡིན་ན་ཡང་སྟབས་མ་ལེགས་པ་ཞིག་ལ་ཁ་སེང་ཉིན་རྒྱབ་ཆུ་ཚོད་གསུམ་པ་ཡས་མས་ཤིག་ལ་འབྲས་སྤུངས་ཆོས་སྒར་ནང་འོས་སྒམ་བཞི་བཙུགས་ཡོད་དེའི་ནང་ནས་ཁ་བ་ཡིན་པ་ཡོད། འོས་བསྡུའི་མིང་གཞུང་དེབ་བཀོད་བྱེད་ས་དེ་རྫོགས་སོང་ཟེར། རྩ་བའི་ང་འོས་སྒམ་བཙུགས་ཡོད་སའི་ས་གནས་ཁག་ཏུ་སྐོར་བ་རྒྱབ་ནས་འགྲོ་བསྡད་ཡོད། ང་མིང་གཞུང་དེབ་འགོད་བྱེད་ས་སྐྱེལ་སར་འགྲོ་སྐབས་སུ་ང་ཚོའི་ས་ཁུལ་འོས་བསྡུའི་འགན་འཛིན་གཞིས་གྲོང་དང་པོའི་བརྒྱ་དཔོན་ཡེ་ཤེས་འབྱུང་ནས་ཀྱིས་ཅིག་གསུང་སྡོད་ཀྱི་འདུག  ག་རེ་བྱས་སོང་ལབ་དུས་འབྲས་སྤུངས་བློ་གསལ་གླིང་རོང་པོ་ཁང་ཚན་གྱི་གྲྭ་བསྟན་པ་རྒྱལ་མཚན་ཟེར་བ་ཞིག་གིས་འོས་བསྡུའི་མིང་གཞུང་སོགས་ཆ་ཚང་ཐོ་འགོད་ཟིན་ནས་འོས་ཤོག་འབྲི་ཡུལ་ཤོག་བུ་ལེན་སྐབས་སྲིད་སྐྱོང་གི་འོས་ཤོག་བླུག་སའི་ཤོག་བུ་ཆག་པ་ཞིག་འཕྲོག་ནས་ལག་པར་ཉར་ཡོད་པ་རེད། ཕལ་ཆེར་ཤོག་གྲངས་ཉི་ཤུའི་ནང་ཞིག་ཡོད་ས་རེད།  དེ་འདྲ་ཞིག་ལག་པར་བཟུང་ནས་ང་ལ་འོས་ཤོག་བླུག་རྒྱུའི་ཐོབ་ཐང་ཡོད་པ་མ་རེད་པས་ལབ་ནས་བསྡད་འདུག  ས་ཁུལ་འོས་བསྡུའི་འགན་འཛིན་གྱིས་འོས་ཤོག་བླུག་རྒྱུའི་ཐོབ་ཐང་ཡོད་རེད་དེ་གཅིག་མ་གཏོགས་དེ་འདྲ་མང་པོ་ཡོད་པ་མ་རེད་ཅེས་ཕན་ཚུན་སྐད་ཤུགས་ཆེན་པོའི་ཐོག་ལབ་པ་རེད། གྲྭ་བ་དེས་ཁྱེད་རང་ག་རེ་ཡིན་པེ་ལབ་འདུག ང་ས་ཁུལ་འོས་བསྡུའི་འགན་འཛིན་ཡིིན་ལབ་སོང་། མོན་གྷོ་ས་གནས་སྐུ་ངོ་ཡང་འདིར་ཕེབས་འདུག་ལབ་སོང་།  གྲྭ་བསྟན་པ་རྒྱལ་མཚན་གྱིས་སྐུ་ངོ་ཕེབས་ན་ག་རེ་ཡོད་པ་རེད་ཅེས་ལབ་སོང་།  དེ་འདྲའི་སྐབས་སུ་ཁོང་གཉིས་ཏོག་ཙམ་གཞིས་རེས་བྱས་བྱུང་།

unnamed1དེར་ཉེན་རྟོག་པ་ཡོད་པ་རེད། ང་ཚོ་ཚང་མ་ཡང་ཡོད་རེད། ང་ཚོའི་བར་བྱས་ནས་དུས་ཡུན་ཐུང་ཐུང་ནང་མཚམས་བཞག་པ་རེད། གྲྭ་བསྟན་པ་རྒྱལ་མཚན་གྱིས་མིང་གཞུང་ཆ་ཚང་ཐོ་བཀོད་ཟིན་ནས་འོས་བླུག་མཚམས་སུ་སླེབས་པ་རེད། ཡིན་ན་ཡང་རྙོག་གླེང་ལ་བརྟེན་ནས་ཉེན་རྟོག་པས་ཁོ་རིང་ཟུར་དུ་ཁྲིད་ཡོད་པ་རེད། སྐབས་དེར་ས་ཁུལ་འོས་བསྡུའི་འགན་འཛིན་ཡེ་ཤེས་འབྱུང་ནས་ཀྱིས་མི་འདིའི་རྒྱབ་ལྗོངས་ག་རེ་ཡིན་ཤེས་ཀྱི་མི་འདུག འོས་བསྡུའི་སྐབས་སུ་འདི་འདྲ་བྱེད་རྒྱུ་འདི་དཀའ་ངལ་ཆེན་པོ་རེད་ལ། ཁྲིམས་གཏུག་བྱེད་ངེས་ཡིན་ཞེས་གསུང་གི་འདུག

ས་ཁུལ་འོས་བསྡུའི་འགན་འཛིན་ཡེ་ཤེས་འབྱུང་ནས་ལགས་ཡིན་ན་སྤྱི་པའི་ཆེད་དུ་སེམས་ཤུགས་ཆེན་པོ་དང་ལྷག་བསམ་རྣམ་དག་རེད། ངར་ཤུགས་ཏོག་ཙམ་ཆེན་པོ་ཡོད་པ་རེད། དེ་བཞིན་དགེ་འདུན་པ་དེའི་རྒྱབ་ལྗོངས་ག་རེ་ཡིན་མིན་སྐོར་ལ་ངས་ཞིབ་མཇུག་བྱས་པ་ཡིན་དེ་ལོ་ཆུང་ཆུང་དང་དུས་རྒྱུན་རླུང་ལངས་སླ་བོ་ཡོད་པ་ཙམ་ལས་གཞན་གནད་དོན་གནས་ཚུལ་མེད་སྐོར་གྲྭ་ཚང་གི་ཕྱག་མཛོད་དང་ཁམས་ཚན་རྒན་བཅས་ཀྱིས་ཀྱང་གསུང་གི་འདུག

རྗེས་སུ་ཁོང་གིས་ངས་ནོར་འདུག དགོངས་དག་ཞུ་རྒྱུ་ཡིན་ཅེས་ལབ་གྱི་འདུག  གང་ལྟར་གནས་ཚུལ་དེ་ནང་ཚགས་བྱས་ནས་ཁྲིམས་གཏུག་སོགས་གང་ཡང་བྱེད་མི་དགོས་པའི་ཐོག་ནས་གྲྭ་བསྟན་པ་རྒྱལ་མཚན་ལ་འོས་བསྡུའི་ཁྲིམས་སྒྲིག་གཞིར་བཟུང་གིས་ཐེངས་འདིའི་འོས་བླུག་བཅུག་མེད་ལ། ཉེས་ཆད་དེ་ལྟར་བཅད་པ་ཡིན་ཞེས་གསུངས་སོང་།

ད་ལྟ་གྲྭ་བསྟན་པ་རྒྱལ་མཚན་བཀག་ཉར་མུ་མཐུད་ནས་བྱས་ཡོད་མེད་སྐོར་ལ་དྲིས་སྐབས། ཁ་སེང་དགོང་མོ་ཆུ་ཚོད་གཅིག་ཙམ་མ་གཏོགས་བཀག་ཉར་བྱས་ཡོད་པ་མ་རེད།   སྐབས་དེར་ང་རང་ཡང་ཐེངས་གཉིས་ལ་ཉེན་རྟོག་ལས་ཁུངས་སུ་བཅར་བ་ཡིན་ལ་གང་ལྟར་ད་ལྟའི་ཆར་གནས་ཚུལ་དེ་ཞི་འཇགས་ཀྱི་ལམ་ནས་འགྲོ་བསྡད་ཡོད་ཅེས་དང་།

ཁོང་གིས་མུ་མཐུད་ནས་གསུང་དོན།  དེང་སང་འཛམ་གླིང་དང་ལྷག་པར་བོད་པའི་སྤྱི་ཚོགས་ནང་གནས་ཚུལ་ཐབས་སྐྱོ་བོའི་རིགས་ཕྲན་བུ་བྱུང་ན་ཧ་ཅང་ཆེན་པོ་བཟོ་ནས་དྲ་རྒྱ་བརྒྱུད་ལམ་ཁག་ཏུ་བཏང་མཁན་འདིའི་རིགས་ཀྱི་རྒྱབ་ལྗོངས་གང་ཡིན་ངོ་མ་བཤད་ཤེས་ཀྱི་མི་འདུག  དྲ་རྒྱ་བརྒྱུད་ལམ་མང་པོར་གནས་ཚུལ་བདེན་མིན་ཅི་རིགས་བཀོད་འདུག ཡིན་ན་ཡང་ཁྱེད་ཀྱི་དུས་རྒྱུན་གསར་འགྱུར་གཏོང་ཕྱོགས་ལ་རྗེས་སུ་ཡི་རངས་ཡོད། དེ་རིང་ཡང་དངོས་པོའི་གནས་ཚུལ་གང་ཡིན་པ་དེ་བཀོད་རོགས་གནང་བ་དགའ་བོ་བྱུང་། རྩ་བའི་འགྲོ་བ་མིའི་སྤྱི་ཚོགས་ཆེན་པོའི་ནང་གནས་ཚུལ་དེ་འདྲ་ཆུང་ཚགས་རིགས་ཡོང་སྲིད་པ་ཞིག་རེད་ལ། སྤྱི་ཚོགས་ནང་བརྡབ་གསིག་ཆེན་པོ་གང་ཡང་བཟོས་མེད་ལ་གནས་ཚུལ་སྡུག་པོ་ཡང་བྱུང་མེད།  གནས་ཚུལ་ཆུང་ཚགས་འདིའི་རིགས་བྱུང་ཡང་གནད་འགག་ཆེན་པོ་ཞིག་ལ་རྩི་ཡི་མེད་ཅེས་གསུངས་སོང་།
ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།