སེམས་ཀྱི་ཚན་རིག
སྟེགས་ཐོག་ཇི་ལྟར་གསོལལ་བ་བཏབ་པ་བཞིན་ཚོགས་ཕེབས་གནང་བ་དང་། དེར་ཆུ་ཚོད་གཉིས་དང་ཕྱེད་ཀའི་རིང་ནང་པའི་ཚན་རིག་དང་སེམས་ཁམས་རིག་པ་བཅས་ཀྱི་བརྗོད་བྱའི་ཐོག་བློ་སྟོབས་ཉམས་ཆགས། མཐུན་ཕྱོགས་ཀྱི་སེམས་ཁམས་རིག་པ། སེམས་བྱུང་གི་བྱུང་རབས་སོགས་ལ་གྲོས་བསྡུར་རྒྱ་ཆེར་གནང་ཡོད་པ་རེད།
༸གོང་ས་མཆོག་གིས་བློ་སྟོབས་ཉམས་རྒུད་དང་འབྲེལ་ནས་གསུང་དོན། བོད་སྐད་ནང་དུ་བློ་སྟོབས་ཉམས་ཆགས་ཅེས་པའི་མིང་ཚིག་འདི་དང་འདྲ་བའི་ཐ་སྙད་ཏག་ཏག་ཅིག་ཡོད་པ་མ་རེད། དེ་ལས་སེམས་ཀྱི་གནང་སྟངས་དང་། རྒྱུ་དང་རྐྱེན་བྱེ་བྲག་སོ་སོར་རྐྱེན་པས། བློ་སྟོབས་ཉམས་ཆགས་རིགས་དམིགས་གསལ་བ་འགའ་རེ་རྒྱུ་བྱེ་བྲག་རེ་རེ་ལ་ལྟོས་ནས་ངོས་འཛིན་བྱེད་སྟངས་རིམ་པ་མི་འདྲ་དུ་མ་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།
འབུམ་རམས་པ་མཱར་ཊིན་སེ་ལིག་མཱན་མཆོག་གིས་༸གོང་ས་མཆོག་ལ་མཐུན་ཕྱོགས་ཀྱི་སེམས་ཁམས་རིག་པའི་གནས་སུ་ཆེས་གསར་དུ་རྙེད་པའི་ཞིབ་འཇུག་གི་གྲུབ་འབྲས་རྣམས་སྤྱན་འབུལ་ཞུས་པ་དང་། ཁོང་གིས་སེམས་ཀྱི་སྡུག་བསྔལ་འགོག་ཐབས་ཁོ་ནར་མིན་པར། དེ་ལས་ལྡོག་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་འགྲོ་བ་མིའི་མཐུན་ཕྱོགས་ཀྱི་སེམས་བྱུང་ངམ་མྱོང་ཚོར་དང་། དགོས་དམིགས། མཐུན་ཕྱོགས་ཀྱི་འབྲེལ་ལམ མཐུན་ཕྱོགས་ཀྱི་གྲུབ་འབྲས་སོགས་ལ་ཁུར་བཞེས་པ་ཞིག་ཡིན་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད།
ཧེ་ཝར་ཌ་གཙུག་ལག་སློབ་ཆེན་གྱི་ཚེ་སྲོག་སྨྲ་བའི་སློབ་དཔོན་མརག ཧོ་སཱེར་གྱིས་༸གོང་ས་མཆོག་ལ་ཆེས་དཀའ་གནད་ཅན་གྱི་ཞིབ་འཇུག་སྟེ་ང་ཚོ་རིགས་རྒྱུན་གྱི་རྐྱེན་པས་ཕྱིའི་སྤྱོད་ཚུལ་ཁྱད་པར་ཅན་རིགས་འབྱུང་གི་ཡོད་མེད་དང་འབྲེལ་བའི་གསར་རྙེད་དག་སྤྱན་འབུལ་ཞུས་ཡོད་པ་དང་། ཧོ་སཱེར་གྱི་གཏམ་བཤད་ནང་ང་ཚོའི་ཕྱིའི་སྤྱོད་ཚུལ་དག་ནི་སེམས་རྒྱུད་བཏུལ་བ་ལས་སྐྱེས་ཁམས་དང་རིགས་རྒྱུན་གྱི་བག་ཆགས་རྣམས་སེལ་ཐུབ་པའི་ནུས་པ་ཡོད་པའི་སྐོར་ལ་གྲོས་བསྡུར་དོན་སྙིང་ལྡན་པ་བྱུང་ཡོད་པ་རེད།
མཐར་དོན་དུ་ནང་ཆོས་ཉམས་ལེན་གྱི་ཉམས་མྱོང་ལྡན་ཅིང་བོད་སྐད་ཐོགས་པ་མེད་པར་སྐྱོན་མཁན། བྷི་ཨ་ལཱན་ཝལ་ལ་སིས་གོང་དུ་སེ་ལིག་མཱན་གྱིས་མཐུན་ཕྱོགས་ཀྱི་སེམས་ཁམས་རིག་པའི་སྐོར་ལ་ནང་པའི་ཚན་རིག་གི་ཤེལ་བརྒྱུད་ནས་གསལ་སྟོན་གནང་ཡོད་པ་རེད
༸གོང་ས་མཆོག་གིས་ལོ་ངོ་བཅུ་ཕྲག་གཅིག་དང་ཕྱེད་ཀའི་ལྷག་རིང་ལ་ནང་པའི་མཁས་དབང་རྣམས་དང་ཀླད་པའི་ཚན་པ་དག་མཉམ་འབྲེལ་གྱིས་ཕན་ཚུན་སློབ་སྦྱོང་བྱེད་རེས་གལ་ཆེ་ཚུལ་སྐོར་ལ་བསྐུལ་མ་དང་སེམས་ཤུགས་སྤར་གནང་ཡོད་ཅིང་། སྐབས་འདིར་སེ་ལིག་མཱན་དང་། ཧོ་སཱེར། ཝལ་ལ་སི་རྣམ་པ་གསུམ་གྱི་ཉམས་ཞིབ་ལ་ཐུགས་རབ་ཏུ་དགྱེས་ཤིང་། ལྷག་དོན་༸གོང་ས་མཆོག་གིས་ཁོང་རྣམས་ཀྱི་བྱ་གཞག་དང་འབྲེལ་བའི་གཟིགས་པ་ཡངས་པའི་བློ་སྐྱེད་བཀའ་སློབ་ཟབ་རྒྱས་བསྩལ་ཅིང་། ད་དུང་བསམ་བློའི་རང་བཞིན་ཐོག་རིག་གཞུང་བར་གྱི་ཞིབ་འཇུག་རྒྱུན་འཁྱོངས་ནས་གནང་དགོས་པའི་བཀའ་ནན་པོར་བསྩལ་གནང་ཡོད་པ་རེད།
ཉིན་གོང་༸གོང་ས་མཆོག་གིས་ང་ཚོའི་མ་འོངས་པ། འགན་སུར་འཁྲིས་ཡོད་དམ། ཅེས་པའི་བརྗོད་བྱའི་ཐོག་གསུང་བཤད་གནང་ཅིང་། སྐབས་དེར་མི་མང་༧༠༠༠ ཙམ་བཅར་ཡོད་པ་རེད། གསུང་བཤད་འདི་༸གོང་ས་མཆོག་གི་མི་མང་ལ་སྩལ་བའི་གསུང་བཤད་བཞི་གནང་འཆར་ཡོད་པ་ལས་དང་པོ་དེ་ཡིན་པ་རེད། ༸གོང་ས་མཆོག་གིས་འགན་ཁུར་དང་། སྙིང་རྗེ། བློ་སྦྱོང་། སེམས་ཀྱི་ཞི་བདེ་བཅས་ནི་མི་ཚེ་བདེ་སྐྱིད་དང་དོན་སྙིང་ལྡན་པའི་ཆ་རྐྱེན་ལྟ་བུ་རེད་ཅེས་སོགས་བཀའ་སློབ་ཟབ་རྒྱས་གནང་བ་དང། མཇུག་ཏུ་དྲི་བ་དྲི་ལན་གྱི་གོ་སྐབས་ཀྱང་གནང་ཡོད་པ་རེད། ཕྱིས་སུ་ཨོ་སི་ཊི་ལི་ཡའི་ཕྱོགས་འགལ་ཚོགས་པའི་དབུ་ཁྲིད་ཊོ་ནི་ཨ་བྷོ་ཊི་དང་མཇལ་འཕྲད་བྱུང་ཞིང་། ༸གོང་ས་མཆོག་གི་མང་གཙོ་ནང་ཆབ་སྲིད་ཀྱི་ཚོགས་པ་དང་བསམ་ཚུལ་མང་པོ་ཡོད་ཆོག་གི་རེད་མོད་ཚང་མས་གལ་ཆེན་གནང་དགོས་ས་ནི་ས་གོ་ལ་སྟེང་གི་འགྲོ་མིའི་རིང་ལུགས་ཡིན་པའི་སྐོར་སོགས་བཀའ་སྡུར་ལྷུག་པོ་བྱུང་ཡོད་པ་དང་། མཐར་ཁོང་ནིའུ་ཛི་ལན་ཌིར་མ་ཕེབས་གོང་གསར་འགོད་ལྷན་ཚོགས་གཅིག་གནང་ཡོད་པ་རེད།