ཧོང་ཀོང་གི་འོས་འདེམས་དང་རྒྱ་ནག་གི་བཙན་བཀའ།

ཕྱོགས་གཞན་ཞིག་ནས་ད་ལྟའི་རྒྱ་གཞུང་གི་འགོ་ཁྲིད་རྣམས་ཀྱིས་ཧོང་ཀོང་གི་རྒྱ་ཆེའི་ཡུལ་མི་ཚོར་ཆབ་སྲིད་ཀྱི་འགན་དབང་སྤྲོད་རྒྱུར་འདོད་པ་དེ་ཙམ་མེད་པའི་རྟགས་མཚན་ཞིག་ཀྱང་ཡིན་ལུགས་བརྗོད་ཡོད་འདུག

ཧོང་ཀོང་ལ་ཆ་མཚོན་ན། ཕྱི་ལོ་༡༩༩༧ ལོར་དབྱིན་གཞུང་གིས་རྒྱ་ནག་ལ་ཕྱིར་རྩིས་སྤྲོད་བྱས་པ་དང་། ལོ་དེར་རྒྱ་གཞུང་གིས་ཧོང་ཀོང་ལ་ལོགས་སུ་བཅའ་ཁྲིམས་བསྡུས་པའམ་ཆུང་བ་ཞིག་བཀོད་སྒྲིག་བྱས་པའི་རྒྱུ་མཚན་གྱིས། སྐབས་དེར་ཧོང་ཀོང་མི་མང་ཚོས་༢༠༠༧ ལོར་མང་གཙོའི་ལམ་ལུགས་ཐོག་སོ་སོའི་འགོ་ཁྲིད་འདེམས་ཐུབ་པའི་རེ་བ་བཅངས་ཡོད་མོད། ཕྱི་ལོ་༢༠༠༤ ལོར་རྒྱ་གཞུང་གིས་འོས་འདེམས་ཀྱི་དུས་ཚེགས་དེ་༢༠༡༢ བར་ཕྱིར་འགྱངས་བྱས་ཡོད་པ་དང་། ལོ་འདིར་རྒྱ་གཞུང་གིས་༢༠༡༢ ནས་༢༠༢༠ བར་སླར་ཡང་འོས་འདེམས་ཀྱི་དུས་ཚེགས་ཕྱིར་བཤོལ་བྱས་འདུག དེའི་རྒྱུ་མཚན་ནི་ད་ལྟའི་རྒྱ་གཞུང་གི་འགོ་དཔོན་གཙོ་བོ་སྲིད་འཛིན་ཧུའུ་ཅིང་ཐའོ་དང་། སྲིད་བློན་ཝིན་ཅཱ་པའོ་གཉིས་༢༠༡༢ ལོར་འཕོ་འགྱུར་འགྲོ་ཡི་ཡོད་པ་དང་། ༢༠༡༣ ལོར་འགོ་ཁྲིད་གཉིས་པོ་རྒན་ཡོལ་དུ་འགྲོ་རྩིས་ཡོད་པས། ཁོང་ཚོས་ཧོང་ཀོང་གི་དཀའ་རྙོག་དེ་རང་ཉིད་ཀྱིས་སྲིད་དབང་འཛིན་པའི་རིང་སེལ་འདོད་མེད་པ་དང་། དཀའ་རྙོག་དེ་རང་ཉིད་ཀྱི་རྒྱུན་འཛིན་པའི་ཕྲག་པར་འཇོག་རྩིས་ཡོད་པ་གསལ་པོ་རེད། ཧོང་ཀོང་མི་མང་ཚོས་རང་ཉིད་ཀྱི་འགོ་ཁྲིད་དེ་༢༠༡༧ ལོར་ འདེམས་ཐུབ་པ་དང་། གྲོས་ཚོགས་ཀྱི་མཐུས་མི་༦༠ རྣམས་༢༠༢༠ ལོར་འདེམས་ཐུབ་པའི་རེ་བ་གསར་པ་ཞིག་མ་བཅངས་ཐབས་མེད་ཆགས་ཡོད་པ་རེད།

ཨ་རི་དང་། དབྱིན་ཇི་གཉིས་ཀྱིས་ད་ལྟའི་རྒྱ་གཞུང་གི་ཐག་གཅོད་དེར་སྐྱོན་བརྗོད་ནན་པོ་བྱས་ཡོད་པ་མ་ཟད། ཧོང་ཀོང་གི་མང་གཙོ་ཚོགས་པ་ཁག་གིས་ཀྱང་ཐག་གཅོད་དེར་སྐྱོན་བརྗོད་བྱས་པ་རེད། སྐབས་འདིའི་རྒྱ་གཞུང་གི་སྲིད་བྱུས་དང་། དུས་ཚོད་འཕར་འགྱངས་ཀྱི་བྱ་ཐབས་ལ་བློ་དོགས་ཡོད་ཚུལ་ཧོང་ཀོང་མང་གཙོ་ཚོགས་པའི་ཚོགས་གཙོ་ཨལ་བྷེར་ཊི་ཧོ་ཡིས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག །