གསུང་ཆོས་དང་དགེ་ལྡན་སྨོན་ལམ་ཆེན་མོའི་གྲ་སྒྲིག་བྱེད་བཞིན་པ།
དེ་ཡང་ཟླ་འདིའི་ཚེས་༣༡ ཉིན་སྨོན་ལམ་དང་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོས་འགྲེལ་བརྗོད་གནང་བ་ལྟར་ན། ཆོས་ཚོགས་ཐེངས་གཉིས་པའི་སྐབས་སུ། སེར་འབྲས་དགའ་གསུམ་གཙོ་བོིར་བྱས་ནས་དགེ་ལྡན་སྨོན་ལམ་ཆེན་མོའམ། ཆོ་འཕྲུལ་སྨོན་ལམ་འཕར་མ་ཞིག་ལྷན་ཚོགས་གནང་རྒྱུའི་གྲོས་འགོ་ཐོག་མར་བཏོན་ཡོད་པ་དང༌། དེ་ནས་༧གོང་ས་མཆོག་གིས་འཚོག་ཐུབ་ན་ཡག་པོ་འདུག་ཅེས་བཀའ་སློབ་ཕེབས་པར་བརྟེན། རིམ་གྱིས་དགེ་ལྡན་སྨོན་ལམ་ལ་མ་དངུལ་བཞག་ནས་འཚོགས་ཡོད་ཅིང༌། ཐེངས་འདིའི་དགེ་ལྡན་སྨོན་ལམ་ཆེན་མོ་རྡོར་གདན་དུ་ཚོགས་ཐེངས་༤ པ་དེ་ཆགས་ཡོད་པ་དང༌། ད་ཐེངས་སྨོན་ལམ་དང་གསུང་ཆོས་གོ་སྒྲིག་ཚོགས་ཆུང་གཅིག་ལྕོགས་བྱས་ནས། སེར་འབྲས་དགེ་གསུམ་གྱི་གྲྭ་ཚང་ཁག་༦ གི་འཐུས་མི་ཕེབས་ནས་གོ་སྒྲིག་ཞུ་བཞིན་ཡོད་པ་དང༌། དེའི་སྔོན་དུ་ཝར་ན་དང་ལྷོ་ཕྱོགས་མོན་གྷོ་སོགས་སུ། དགེ་ལྡན་སྨོན་ལམ་ཆེན་མོ་ཐེངས་འགའ་ཚོགས་མྱོང་ཡོད་འདུག
དེ་ཡང་རྗེ་ཙོང་ཁ་པ་ཆེན་པོས་ཆོ་འཕྲུལ་སྨོན་ལམ་ཆེན་མོ་སྲོལ་བཏོད་གནང་ནས་བཟུང་ད་ལྟའི་བར་ལོ་གྲངས་༦༠༡ སོང་ཡོད་པ་དང༌། བཙན་བྱོལ་དུ་འབྱོར་རྗེས་ཆོ་འཕྲུལ་སྨོན་ལམ་ཡུལ་དུས་ལ་བསྟུན་ནས་ས་གནས་གང་སར་འཚོགས་བཞིན་ཡོད་ཅིང༌། ༢༠༠༢ ལོ་ནས་དགེ་ལྡན་སྨོན་ལམ་ཆེན་མོའི་སྤྱི་ཁྱབ་ཡིག་ཚང་ཝར་ན་ས་གནས་སུ་བཙུགས་ཐུབ་ཡོད་པ་དང༌། མ་འོངས་པར་མཐུན་རྐྱེན་སོགས་ཀྱིས་འདང་ངེས་བྱུང་ན་མུ་མཐུད་དགེ་ལྡན་སྨོན་ལམ་ཆེན་མོ་འཚོག་རྒྱུའི་ཐུགས་འདོད་ཡོད་སྐོར་གསུང་བྱུང༌། དེ་བཞིན་ཆོ་འཕྲུལ་སྨོན་ལམ་ཚོགས་པ་དང་གསུང་ཆོས་སྦྱིན་བདག་ཐུན་མོང་གིས། ༧གོང་ས་མཆོག་ལ་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་པའི་སྐོར་ཡང་འགྲེལ་བརྗོད་གནང་བྱུང༌།
ས་གནས་ནས་འདི་གའི་གསར་འགོད་པས།