གཡག་བདག་ལ་ཉེན་རྟོག་པས་མེ་མདའ་བརྒྱབ་འདུག
ཉེ་ཆར་ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། གསེར་རྟ་རྫོང་། ཧོར་ཤུལ་ཡུལ་ཤོག་ནས་དེ་སྔོན་བོར་བརླགས་སོང་བའི་གཡག་སུམ་བཅུ་ཙམ་བཤས་ཚོང་བའི་རླངས་འཁོར་ནང་བཞག་ནས་ཁྱེར་གྱི་ཡོད་པར་དོ་བདག་དང་གདོང་ཐུག་བྱུང་བ་དང་། ཟླ་འདིའི་ཚེས་༣༠ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཤས་ཚོང་པའི་ཕྱོགས་བྱས་སྟེ། དོ་བདག་ལ་རྨས་སྐྱོན་ཚབ་ཆེན་བྱུང་ཡོད་པ་རེད།
དེ་ཡང་གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་སྔོན་ཧོར་ཤུལ་ཡུལ་ཤོག་གི་རི་ཁག་གཉིས་པའི་ཁྱིམ་ཚང་འགའ་ཞིག་གི་གཡག་སུམ་ཅུ་ལྷག་རྐུན་མར་ཤོར་བ་དང་། དེ་རྗེས་ཁ་ཆེ་བཤེ་ཚོང་པས་རླངས་འཁོར་ནང་གཡག་བཅུག་ནས་འཁྱེར་གྱི་ཡོད་པ་ཤེས་རྟོགས་བྱུང་བ་དང་། བཤས་ཚོང་པར་གཡག་བཙོང་མཁན་སུ་རེད་ཅེས་དྲིས་པའི་སྐབས་སུ་ཁ་ཆེ་བས་སུ་ཡིན་མ་བཤད་པར་བརྟེན། རླངས་འཁོར་དང་གཡག་དོ་བདག་གིས་ཕྲོགས་ཡོད་འདུག
༢༠༡༦ ལོའི་ཟླ་༣ ཚེས་༣༠ ཉིན་གྱི་ཕྱི་དྲོ་གསེར་རྟ་རྫོང་ཉེན་རྟོག་པ་ཧོར་ཤུལ་ཡུལ་ཤོག་ལ་ཡོང་ནས་རླངས་འཁོར་ལེན་པའི་སྐབས། དོ་བདག་རྣམས་ཀྱིས་ཉེན་རྟོག་པར་གསལ་བཤད་བྱས་ནའང་། ཉེན་རྟོག་པས་མ་ཉན་པ་མ་ཟད། རྐུན་མའི་ཕྱོགས་བྱས་ནས་ཧོར་ཤུལ་ཡུལ་སྡེ་ནས་གཡག་བདག་རྣམས་ལ་མེ་མདའ་བརྒྱབ་པ་སོགས་ཀྱིས་རྨས་སྐྱོན་ཚབས་ཆེན་བྱུང་ཡོད་པ་རེད།
གཡག་བདག་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ། གསེར་རྟ་རྫོང་མི་དམངས་སྨན་ཁང་ནས་སྨན་བཅོས་མ་ཐུབ་པར་ཁྲིན་ཏུའུ་སྨན་ཁང་དུ་སྐྱེལ་དགོས་བྱུང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།