༧གོང་ས་མཆོག་གིས་རྒྱ་རིགས་ལྔ་བརྒྱ་ཙམ་ལ་མཇལ་ཁ།
དེ་ཡང་ཟླ་འདིའི་ཚེས་༦ ཉིན་གྱི་ཉིན་གུང་གསུང་ཆོས་ཀྱི་བར་གསེང་སྐབས། རྡོར་གདན་རྣམ་རྒྱལ་གྲྭ་ཚང་གི་མདུན་ཐང་དུ་ཐེ་ཝན་དང༌། ཧོང་ཀོང༌། མ་ལེ་ཤི་ཡ་སོགས་ནས་ཕེབས་པའི་རྒྱ་རིགས་༥༠༠ ལྷག་ཙམ་ལ་༧གོང་ས་མཆོག་གིས་མཇལ་ཁ་གནང་སོང་ལ། སྐབས་དེར་ཁོང་གིས། འཛམ་བུ་གླིང་འདིའི་སྒང་ལ་བྱམས་བརྩེ་དང་དྲང་བདེན་ཟེར་བ་མ་བྱུང་ན་མིའི་དཀའ་ངལ་དེ་ཧ་ཅང་གི་ཆེན་པོ་རེད་འདུག ཡྀན་ནའང་ཆོས་ལུགས་ཚང་མས་བྱམས་བརྩེ་དང༌། སྙིང་རྗེ། དྲང་བདེན་སོགས་གསུང་གི་ཡོད་པས། འཛམ་བུ་གླིང་འདིའི་སྒང་ལ་ཕན་ཐོགས་ཡོད་པ་ཤིག་ཏན་ཏན་རེད་འདུག་ཅེས་གསུངས་སོང། ༧གོང་ས་མཆོག་གིས་མུ་མཐུད་གསུང་དོན། རྒྱ་ནག་སྐམ་ས་ཆེན་མོ་དང་འབྲེལ་ནས་གཡས་གཡོན་གྱི་རྒྱལ་ཁབ། ཐེ་ཝན་དང༌། སིངྒ་པོར། མ་ལེ་ཤི་ཡ་སོགས་ཀྱི་མེས་པོའི་ཆོས་བརྒྱུད་དེ་ནང་ཆོས་ཆགས་ཡོད་པ་རེད། དེ་བདག་པོ་བརྒྱབ་ཟེར་དུས་ཅ་དངོས་ཉར་ཚགས་བྱེད་པ་ལྟར་ཨམ་ཕྲག་ནང་བླུག་རྒྱུ་དེ་འདྲ་གང་ཡང་མ་རེད། གཙོ་བོ་ནང་བསམ་བློའི་རྟོགས་པའི་ཡོན་ཏན་དེ་རེད། དེ་ཡང་སྨོན་ལམ་བརྒྱབ་ནས་རྒྱུད་ལ་སྐྱེས་པའི་རིགས་ཤིག་མ་རེད། ངས་ཕལ་ཆེར་ལོ་བཅོ་ལྔ་བཅུ་དྲུག་ནས་བྱང་ཆུབ་སེམས་སྐྱེ་བར་ཤོག་ཅེས་སྨོན་ལམ་རྟག་པར་བརྒྱབ་ཡོད་རུང། དེས་ཕན་གང་ཡང་ཐོགས་ཀྱི་མི་འདུག དེ་ནས་ང་ལོ་༣༠ ཙམ་ནས་སྤྱོད་འཇུག་གི་གསུང་ཆོས་ཞུས་པ་དང། བྱང་ཆུབ་སེམས་ལ་བསམ་བློ་བཏང་བ་ཡིན། གཞི་ནས་སེམས་ལ་འགུལ་བསྐྱོད་ཐེབས་པ་ཞིག་བྱུང་ཞེས་བཀའ་གནང་སོང༌།
ཡང་མུ་མཐུད་ནས། ངའི་རྒྱ་རིགས་གྲོགས་པོ་གཅིག་དང་ངེད་གཉིས་དམ་བཅའ་བཞག་པ་རེད། མ་འོངས་པར་རི་བོ་རྩེ་ལྔ་ལ་ཁོས་རྒྱ་སྐད་ཐོག་ནས་རྩ་བ་ཤེས་རབ་ཀློག ངས་བོད་སྐད་ཐོག་ནས་རྩ་བ་ཤེས་རབ་ཀློག རྒྱ་གར་བ་ཞིག་གིས་ལེགས་སྦྱར་གྱི་སྐད་ཐོག་ནས་རྩ་བ་ཤེས་རབ་བཀླག་རྒྱུ་བྱས་པ་རེད། ཅིག་བྱས་ན་ཁྱེད་རང་ཚོ་འགའ་ཤས་མཉམ་དུ་ཡོང་རྒྱུའི་དུས་ཚོད་ཤར་མདོག་ཁ་པོ་རེད་ཅེས་གསུངས་པ་དང༌། མཇལ་བཅར་བ་ཡོངས་རྫོགས་ཀྱིས་དགའ་བསུའི་ཐལ་མོ་བརྡབས་སོང༌། དེ་རྗེས་མཇལ་བཅར་བ་ལྷན་དུ་སྐུ་པར་བསྒྲོན་ནས་ཐུགས་སེམས་དགྱེས་པོའི་ངང་ནས་མཇུག་བསྡུས་སོང༌།།
ས་གནས་ནས་འདི་གའི་གསར་འགོད་པས།
