སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་འཛུགས།

དེ་ཡང་ཟླ་འདིའི་ཚེས་༡༦ ཉིན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་པོ་ཐེངས་ཉེར་གཅིག་པའི་འི་ཚོགས་མགོན་དུ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་དང༌། རྨུག་སངས་སྐུ་ཆེན་རིན་པོ་ཆེ། གྱང་ཁང་རིན་པོ་ཆེ། དགེ་རྩེ་རིན་པོ་ཆེ། འབྲུག་ཡུལ་དུ་འཁྲུངས་པའི་བདུད་འཇོམས་ཡང་སྲིད་སོགས་གཙོ་བོར་གྱུར་པའི་རབ་བྱུང་ངུར་སྨྲིག་གི་སྡེ་དང༌། nying_ma_monlam_cenmo_1གོས་དཀར་ལྕང་ལོ་ཅན་གྱི་སྡེ་གཉིས་མཆོད་རྟེན་རིན་པོ་ཆེའི་ལྷོ་བྱང་ནུབ་གསུམ་དུ་སྨོན་ལམ་འཚོགས་བཞིན་འདུག་ལ། ཐེངས་འདིའི་སྨོན་ལམ་གྱི་སྦྱིན་བདག་སྨིན་གླིང་མཁན་ཆེན་རིན་པོ་ཆེ་ཡིན་པ་དང༌། ཁོང་གིས་ལོ་༣ གྱི་རིང་ལ་སྨོན་ལམ་གྱི་སྦྱིན་བདག་གནང་གི་ཡོད་པའི་ནང་འདི་ལོའི་སྨོན་ལམ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།
རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་བཙུན་རྣམས་ཀྱི་ལམ་གྲོན་སྨོན་ལམ་ཚོགས་ཆུང་གིས་གནང་གི་ཡོད་པ་དང། དེ་བཞིན་བཞུགས་གནས་དང་ཞལ་ལག་སོགས་གཞུང་གིས་གྲ་སྒྲིག་ཆ་ཚང་ཞུས་འདུག   ད་དུང་སྨོན་ལམ་ཆེན་མོ་འདི་དང་བསྟུན་ནས་དར་ཐང་རིན་པོ་ཆེ་མཆོག་གིས། དགོན་སྡེ་ཁག་དང་ཚོགས་པ་ཁག་ལ། བཀའ་འགྱུར་དང་བསྟན་འགྱུར། རྒྱལ་བ་ལྔ་པའི་གསུང་འབུམ་བཅས་རིན་མེད་ཐོག་ནས་གནང་སོང༌། དར་ཐང་རིན་པོ་ཆེ་ཁོང་གི་ལྕམ་དང་སྲས་མོ་སོགས་ཆེད་ཕེབས་གནང་ནས། ཚོགས་ཞུགས་པ་ཡོངས་རྫོགས་ལ་ལོ་བསྟར་ཆགས་སུ་སྨོན་ལམ་སྐབས་ཉིན་ལྟར་སྐུ་འགྱེད་སྒོར་༡༠༠ རེ་འབུལ་ཡོད་པ་ལྟར་དུ་འདི་ལོའང་དེ་བཞིན་གནང་སོང༌།
འབྲེལ་ཡོད་ལས་བྱེད་སྨིན་གྲོལ་གླིང་ངག་དབང་སྙན་གྲགས་ལགས་ཀྱིས་གསུང་དོན། རྡོར་གདན་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐོག་མར་དབུ་འཛུགས་གནང་མཁན་དར་ཐང་རིན་པོ་ཆེ་མཆོག་ཆགས་ཀྱི་ཡོད་པ་དང། དེ་ནས་རྙིང་མའི་བླ་ཆེན་ཁག་གིས་རིམ་བཞིན་སྨོན་ལམ་གྱི་སྦྱིན་བདག་གནང་བཞིན་ཡོད་པ་རེད། མི་ཚང་མ་འདིར་ཆེད་དུ་སྨོན་ལམ་རྒྱག་སར་ཕེབས་ཡོད་པས། སྨོན་ལམ་འདུས་ཚོགས་སུ་འཛུལ་ཞུགས་གནང་མཁན་གྲྭ་བཙུན་སྔགས་འཆང་སུ་ཡིན་རུང་ཁྱད་མེད་ཐོག་ནས་སྐུ་འགྱེད་གནང་གི་ཡོད་ལ། སྤྱིར་བཏང་སྨོན་ལམ་སྐབས་ཞལ་འདེབས་བྱུང་བ་རྣམས་ཀྱིས་སྨོན་ལམ་གྱི་འགྲོ་སོང་ཁ་གསབ་ཐུབ་ཀྱི་ཡོད་པ་རེད་ཅེས་གསུང་བྱུང༌།། ས་གནས་ནས་འདི་གའི་གསར་འགོད་པས།