ཐུགས་རྗེ་ཆེ་ཞུ་བའི་རོལ་དབྱངས་དུས་སྟོན།

ལྕམ་སྐུ་ལྗོ་ཌི་ཝིལ་ཡེམ་མཆོག རོལ་དབྱངས་མཁས་པ་གྲགས་ཅན་ལོ་རི་ཨེན་ཌར་སོན། ཕི་ལིཔ་གྷི་ལཱསི། ཇཱོན་གིའོར་ནོ། བྷོ་བྷི་མེག་ཕེ་རིན། གློག་བརྙན་འཁྲབ་སྟོན་པ་མཡི་ཀལ་ཨིམ་པེ་རིའོ་ལི། འཁྲབ་འཁྲིད་པ་མ་ཊིན་སི་ཀོར་སེ་སི། རླུང་འཕྲིན་རྒྱང་སྲིང་པ་ལྕམ་སྐུ་ཨེན་ཁ་རི། དགེ་ཆེ་རོ་བྷཊ་ཐར་མན་བཅས་ནས། ཐུགས་རྗེ་ཆེའོ་གངས་ཅན་བོད། (Thank You Tibet)  ཞེས་པའི་མཛད་སྒོའི་ཐོག་ད་ཕན་ལོ་ལྔ་བཅུའི་ནང་རྒྱ་བལ་འབྲུག་གསུམ་གྱིས་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་བོད་མིའི་གཞིས་ཆགས་དང༌། སློབ་གྲྭ། དགོན་སྡེ་སོགས་རིག་གཞུང་གི་བསྟི་གནས་དུ་མ་གསར་འཛུགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་སྲུང་སྐྱོབས་ཐོག མང་ཚོགས་ཀྱི་འཚོ་གོས་གཞི་རྩ་བརྟན་པོར་ཚུགས་པ་དང༌། བུ་ཕྲུག་གི་ཤེས་ཡོན་ཡར་རྒྱས་ཚད་མཐོར་སོན་པ་བཅས་ནི་བསམ་བཞིན་དུ་དགའ་སྤོབས་བྱེད་འོས་པ་ཞིག་ཡིན་པ་དང༌། ད་དུང་འཛམ་གླིང་ཤར་ནུབ་གང་སར་ནང་ཆོས་ཀྱི་ལྟ་གྲུབ་དང་བཟང་སྤྱོད་ཀྱི་བསླབ་བྱ་ཆེས་ཆེར་དར་ནས་སྐྱེ་འགྲོ་ཡོངས་ལ་ཕན་རླབས་བླ་ན་མ་མཆིས་པར་བརྟེན། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་དང་རོལ་དབྱངས་ཀྱི་ལེགས་སྐྱེས་འབུལ་རྒྱུའི་ཐོག་༧སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང༌། བླ་སྤུལ་དགེ་འདུན། ཚོགས་པ་ཁག་གི་འགན་འཛིན། བོད་མི་རོལ་དབྱངས་མཁས་པ་ཁག་ཅིག་བཅས་ནས་མཉམ་ཞུགས་གནང་རྒྱུ་ཡིན་འདུག་པ་དང༌། སྐབས་དེར་མི་མང་གང་མང་མཉམ་ཞུགས་ཞུ་ཐུབ་པའི་རེ་བ་ཡོད་ཚུལ་བརྗོད་སོང༌།།