ཨོ་གླིང་སིད་ནི་རུ་བོད་ཁུལ་གྱི་ཆོས་ལུགས་སྣ་མང་མཉམ་ཞུགས་ཀྱི་ཞི་བདེའི་འདུ་འཛོམས། 

ཕྱི་ཟླ་༩ ཚེས་༢༥ ཉིན་ཨོ་སི་ཁྲུ་ལི་ཡའི་སིད་ནི་བོད་མིའི་འདུས་སྡོད་ས་ཁུལ་དུ། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག འཛམ་གླིང་ཞི་བདེའི་འདུ་འཛོམས་ཞེས་པ་འཚོགས་ཡོད་པ་རེད།

za-tsering2དེ་ཡང་ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  སིད་ནི་བོད་མིའི་གནས་ཡུལ་དུ་ཡོད་པའི་ཡེ་ཤུའི་ཆོས་ཁང་ཞིག་ཏུ་འཛམ་གླིང་ཞི་བདེའི་འདུ་འཛོམས་ཀྱི་མཛད་སྒོ་འཚོགས་པ་དང་། ཚོགས་གཙོ་བཀྲ་ཤིས་རྡོ་རྗེས་སྐུ་མགྲོན་དང་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲིའི་གཏམ་བཤད་གནང་ཞིང་། དེ་ཡང་ཁོང་གིས་དེང་གི་དུས་འདིར་འཛམ་གླིང་གི་ཆོས་ལུགས་ཚང་མ་ཕན་ཚུན་བརྩི་བཀུར་དང་རྒྱུས་ལོན་ཐོག་མཉམ་དུ་འཛམ་གླིང་ཞི་བདེའི་ཆེད་གསོལ་སྨོན་གནང་རྒྱུ་གལ་ཆེན་ཡིན་པ་དང་། ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པའི་ཚོགས་མི་ཚོ་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མདུན་དུ་མཇལ་བཅར་སྐལ་བཟང་ཐོབ་སྐབས་སུའང་ཆོས་ལུགས་འདྲ་མིན་ཕན་ཚུན་ཐུན་མོང་གི་ནུས་པ་འདོན་སྤེལ་བྱས་སའི་འདུ་འཛོམས་སོགས་གོ་སྒྲིག་གནང་བ་ཧ་ཅང་གལ་ཆེན་ཡིན་པའི་ལེགས་གསོལ་དང་ལམ་སྟོན་ཐོབ་ཡོད་སྐོར་དང་། སྐབས་འདིའི་འདུ་འཛོམས་དེ་ཚོགས་ཐེངས་གསུམ་པ་ཆགས་ཡོད་སྐོར་གསུངས་སོང་།

དེ་རྗེས་རིམ་པ་བཞིན་ཚོགས་ཐོག་ཏུ་ཕེབས་པའི་ཡེ་ཤུ་དང་། ཁ་ཆེ། ཧིན་དྷུ། སིཀ དེ་བཞིན་ཉི་ཧོང་གི་ནང་པ་བཅས་ཀྱི་ཚོགས་སྡེ་ཁག་གི་སྐུ་ཚབ་བཅུ་གྲངས་ཤིག་གིས་འཛམ་གླིང་ཞི་བདེ་དང་འབྲེལ་བའི་ཡིག་ཐོག་གཏམ་བཤད་དང་། སོ་སོའི་ལུགས་སྲོལ་གཞིར་བཟུང་གིས་སྨོན་ལམ་སོགས་སྐྱོར་གནང་མཛད་མཐར། བོད་བརྒྱུད་ནང་བསྟན་པའི་ངོས་ནས་ངོ་ཕེབས་མཁན་པོ་དགེ་བཤེས་རྣམ་པས་ཚད་མེད་ཡོན་ཏན་སྐྱོར་གནང་ཞིང་། རྗེས་འབྲེལ་དུ་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་འགྲོ་བ་མིའི་ཐུན་མོང་གི་དད་འདུན་ཞེས་པའི་བརྗོད་གཞིའི་ཐོག་ནས་སྐབས་དོན་གཏམ་བཤད་བྱས། དེ་རྗེས་གཙོ་སྒྲུབ་ལས་ཁུངས་ཀྱི་ངོས་ནས་སྐུ་མགྲོན་དག་ལ་མེ་ཏོག་ལེགས་སྐྱེས་སུ་ཕུལ་རྗེས་དགོང་མོའི་གསོལ་ཚིགས་འདེགས་འབུལ་ཞུས་ཤིང་། དེར་ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པའི་དྲུང་ཆེ་སེར་ཤུལ་དཀོན་མཆོག་རིག་བཟང་གིས། སྤྱིར་ཚོགས་པ་འདི་ཆབ་སྲིད་དང་མ་འབྲེལ་བའི་ཐོག་ནས་རྒྱ་བལ་སོགས་ཀྱི་བོད་པ་དག་གི་སློབ་གསོ་དང་འཚོ་བའི་ཐད་རོགས་པ་བྱེད་མཁན་གྱི་ཕྱི་རྒྱལ་བས་གཙོ་གཉེར་གནང་བཞིན་པའི་ཚོགས་པ་ཞིག་ཡིན་ན་ཡང་། za-tsering1སྐབས་སྔ་མ་ནས་བོད་པའི་གྲོགས་པོ་རྒྱུན་ལས་རྙིང་པ་ཁོང་ཚོའི་ངོས་ནས་ཀྱང་བོད་པ་མང་ཙམ་ཞིག་གིས་ཚོགས་པ་འདིའི་ནང་དུ་ལས་ཀ་བྱེད་ཐུབ་ན་འབྱུང་འགྱུར་ལས་དོན་མང་པོ་ཞིག་གི་ཐད་བོད་པ་རང་གིས་བྱེད་ཐུབ་ངེས་ཡིན་པར་མ་ཟད། གདེངས་སྤོབས་དང་འཇོན་ཐང་ཉམས་མྱོང་བཅས་བསྡུ་ལེན་ཐུབ་པའི་དགོས་པ་རྒྱུ་མཚན་ཆེན་པོ་ཡོད་པས་སྔར་ལས་མང་བ་མཉམ་ཞུགས་གནང་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད་ཚུལ་དང་། དེ་བཞིན་རྒྱ་གར་གྱི་བོད་ཁྱིམ་སློབ་གྲྭ་དང་ཏི་ལོ་ཕུག་སོགས་ཀྱིས་མཚོན་པའི་སློབ་གྲྭ་དང་དགོན་པ་ཁག་ལ་གང་ཐུབ་ཀྱིས་རོགས་སྐྱོར་བྱེད་བཞིན་ཡོད་པའི་སྐོར། ད་དུང་ཁོང་གིས་ལས་བྱེད་དག་རང་འདུན་པ་ཤ་སྟག་ཡིན་པ་མ་ཟད། རྒྱུན་གྱི་ལས་དོན་དང་འབྲེལ་བའི་འགྲོ་སོང་ཕྲན་ཚེགས་དག་ཀྱང་སྒེར་ངོས་ནས་གཏོང་གི་ཡོད་པ་དང་། ལོ་རེ་བཞིན་ཚོགས་མིའི་ཚོགས་དངུལ་དང་ཞལ་འདེབས་དགོང་ཚོགས་སོགས་ཀྱི་ཡོང་བབས་ལོ་རེར་ཧིན་སྒོར་ས་ཡ་ཕྱེད་གཉིས་ཙམ་རྒྱ་གར་སོགས་སུ་གཏོང་བཞིན་ཡོད་སྐོར་སོགས་ངོ་སྤྲོད་གནང་སོང་།

བོད་མི་མང་སྤྱི་ཟུར་ཁག་ཅིག་དང་ས་གནས་བོད་རིགས་མཐུན་ཚོགས་ཀྱིི་ཚོགས་བཙོ་དང་རྒྱུན་ལས། དེ་བཞིན་བོད་དང་ཧི་མ་ལ་ཡའི་མི་མང་།  སིད་ནིའི་ས་ཁུལ་གཞན་ནས་ཕེབས་པའི་ཆོས་ལུགས་ཚོགས་པ་འདྲ་མིན་གྱི་སྐུ་ཚབ་དང་དད་ལྡན་པ་བཅས་ཁྱོན་མི་མང་བརྒྱ་ཕྲག་ལྷག་ཙམ་འདུ་འཛོམས་བྱུང་འདུག
ཚོགས་ཐོག་ཏུ་ས་གནས་བོད་རིགས་དག་གིས་གཞས་སྣ་གཟིགས་འབུལ་དང་། ཞལ་འདེབས་བསྡུབ་སོགས་ཀྱི་ལས་འགུལ་ཡང་སྤེལ་སོང་།  ཨོ་གླིང་བོད་ཀྱི་མཛའ་འབྲེལ་ཚོགས་པ་ནི་1968 ལོར་དབུ་བརྙེས་པའི་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱབ་སྐྱོར་དང་ཞབས་འདེགས་གནང་མཁན་གྱི་ཨོ་གླིང་གི་ཚོགས་པ་རྙིང་གྲས་ཤིག་ཡིན་པ་རེད། །
གསར་འགོད་པ་ཆོས་ཉིད་འོད་ཟེར་གྱིས།