བོད་ཀྱི་དགེ་འདུན་པ་གཉིས་རྒྱ་གཞུང་གིས་བཀག་ཉར།

བོད་མདོ་སྨད་རྔ་པ་ཁུལ། མཛོད་དགེ་རྫོང་ཐང་སྐོར་སོག་ཚང་དགོན་པའི་དགེ་འདུན་པ་དགེ་འདུན་གྲགས་པ་དང་། བློ་བཟང་ཤེས་རབ་གཉིས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་གང་བྱུང་འཇུ་བཟུང་གིས་གར་སོང་ཆ་མེད་དུ་གྱུར་འདུག

དེ་ཡང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་༢༠༡༦ ཟླ་༨ ཚེས་༢༤ ཉིན་གྱི་མཚན་དཀྱིལ་ཙམ་ལ། དགེ་འདུན་པ་གྲགས་པ་དང་། བློ་བཟང་ཤེས་རབ་གཉིས་ཀྱི་གྲྭ་ཤག་ཏུ་གློ་བུར་དྲག་ཆས་ཉེན་རྟོག་པ་འཛུལ་ཞིང་། འགྲེལ་བརྗོད་གང་ཡང་མེད་པར་དགེ་འདུན་པར་བཙན་འཁྲིད་བྱས་འདུག

དགེ་འདུན་པ་གྲགས་པ་ད་ལྟ་རང་ལོ་༣༩ དང་དགོན་པའི་གཉེར་བ་ཡིན་པ་དང་། ད་སྔ་ཁྲིམས་འགལ་བྱས་སྐོར་གྱི་གནས་ཚུལ་གང་ཡང་མེད་འདུག དགེ་འདུན་པ་ཤེས་རབ་ད་ལྟ་རང་ལོ་༣༥ དང་དགོན་པའི་གཉེར་ཚང་གི་ལས་བྱེད་ཅིག་ཡིན་པ་དང་། ཁོང་ལ་མེ་མདའ་ཚད་ནས་འཇུ་བཟུང་བཙན་འཁྲིད་བྱས་སྐབས་ཁོང་གི་ཤག་རོགས་དགེ་འདུན་པ་ཞིག་ལའང་གཅར་རྡུང་གི་རྨས་སྐྱོན་བྱུང་འདུག་པ་མ་ཟད་འཇིགས་སྐུལ་ཡང་ཡོད་བྱས་འདུག

དགེ་འདུན་པ་ཁོང་གཉིས་འཇུ་བཟུང་བཀག་ཉར་བྱེད་དོན་ནི། དེ་སྔོན་ས་གནས་སྲིད་གཞུང་གིས་སྐ་བར་མའི་གྲོང་ཚོ་ཡི་རྩ་ས་དང་ས་ཁང་བཙན་འཕྲོག་བྱས་པར་ས་གནས་འབྲོག་པ་མང་ཚོགས་ཀྱིས་ཞི་བའི་ངོ་རྒོལ་བྱས་པའི་ཐད་ཀྱི་གནས་ཚུལ་ཕྱི་ཕྱོགས་ལ་བཏང་བར་དོགས་པའི་འོག་འཇུ་བཟུང་བྱས་པ་ཡིན་པ་འདྲ་ལ། དགེ་འདུན་པ་ཁོང་གཉིས་འཇུ་བཟུང་གིས་ད་ལྟའི་བར་ཟླ་ངོ་གཉིས་ཙམ་ཕྱིན་ཡང་། ནང་མི་རྣམས་ཀྱིས་དགེ་འདུན་པ་ཁོང་གཉིས་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་མང་ཤེས་རྟོགས་བྱུང་མེད་པ་རེད།

བོད་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། “དགེ་འདུན་པ་ཁོང་གཉིས་དང་ནང་མིའི་བར་ཐུག་འཕྲད་གང་ཡང་མེད་པའི་སྒོ་ནས་བཀག་ཉར་བྱེད་བཞིན་པའི་ངོ་བོ་འདི་ནི། དགེ་འདུན་པ་ཁོང་གཉིས་དྲག་རྡུང་དང་མནར་གཅོད་བཏང་ཡོད་པའི་དོགས་པ་དང་། ཡང་དེ་ནི་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་པས་དུས་རྒྱུན་བོད་མི་འཇུ་བཟུང་གི་གསང་བའི་ཐོག་བཀག་ཉར་དང་ཁྲིམས་མཐུན་གྱི་བྱེད་བབ་ཁག་ཚང་མ་རྩིས་མེད་རྡོག་རོལ་བཏང་རྐྱང་བྱས་པའི་རྒྱུན་ལྡན་བྱེད་བབ་ལྟ་བུ་ཆགས་ཡོད་ན། དགེ་འདུན་པ་ཁོང་གཉིས་ཀྱི་གང་དུ་བཀག་ཉར་བྱས་ཡོད་མེད་གསལ་ཁ་བཟོ་རྒྱུ་དང་། ནང་མི་རྣམས་ལ་ཁོང་གཉིས་ཀྱི་ལུས་སེམས་གཉིས་ཀྱི་གནས་སྟངས་ར་སྤྲོད་བྱེད་རྒྱུ་འགན་དབང་ཡོད་པ་གསལ་འདེབས་དང་སྦྲགས། དགེ་འདུན་པ་ཁོང་གཉིས་འཇུ་བཟུང་བྱེད་དོན་གྱི་རྒྱུ་མཚན་ཡོངས་བསྒྲགས་གསལ་བཤད་དང་འབྲེལ་ནས་ཁྲིམས་ཁ་བརྒྱུད་ནས་ར་སྤྲོད་བྱེད་རྒྱུ་ལས། དེ་མུར་གང་ཡིན་འདི་ཡིན་མེད་པར་ཉར་འདུག་རྒྱུ་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་ཞུ་ཡི་ཡོད་”ཅེས་བསྒྲགས་འདུག།།

ཕྱི་ལོ་ ༢༠༡༠ ལོར་མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་ས་གནས་རྒྱ་གཞུང་གིས་༼མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་བ༽ཞེས་པའི་སྲིད་ཇུས་ལ་ཁ་གཡར་ཏེ། མཛོད་དགེ་རྫོང་ཐང་སྐོར་ཡུལ་ཚོ་སྐ་བར་མ་སྡེ་བའི་རྩྭ་ས་མུའུ་ ༤༠༠ དང་ཁྱིམ་ཚང་ཉི་ཤུ་ལྷག་གི་ཁང་བཅས་བཙན་འཕྲོག་ཡོད་པའི་ཐད། ས་གནས་མི་མང་གིས་ཕྱི་ལོ་༢༠༡༥ ཟླ་༡ ནས་འགོ་བཙུགས་ཀྱིས། ཕལ་ཆེར་ལོ་འཁོར་གཅིག་གི་རིང་ས་དབང་ཕྱིར་ལོག་དགོས་པའི་ཞི་བའི་སྐད་འབོད་དང་ཞུ་གཞུག་བྱས་ཡོད་པ་དང་། དོན་དངོས་ཐོག་མཁར་གྲོང་ལྗང་མདོག་ཅན་དུ་བསྒྱུར་རྒྱུའི་དམིགས་ཡུལ་མ་ཡིན་པར། ས་གནས་དཔོན་རིགས་དང་ཚོང་པ་ལག་སྦྲེལ་ཐོག་སྒེར་གྱི་ཁེ་ཚོང་གཉེར་ཐབས་ལ་དམིགས་ཏེ། མཁར་གྲོང་ཉེ་འདབས་ཀྱི་འབྲོག་པའི་ས་ཆ་འཕྲོག་བྱེད་པའི་ལྐོག་གཡོ་ཞིག་ཡིན་འདུག་སྟབས། ལོ་དེའི་ཟླ་༡ ཚེས་༢༨ ཉིན། བོད་མི་༢༠ ལྷག་ཙམ་གྱི་ཁྲིན་ཏོ་རུ་སོང་ནས། མི་དམངས་འཐུས་མི་ཚོགས་ཆེན་ཐེངས་༡༢ འཚོགས་སའི་སྒོ་ཁ་ནས་འཕྲེད་དར་ཁུར་ཏེ་ངོ་རྒོལ་བྱས་ཡོད། འཕྲེད་དར་གྱི་སྟེང་དུ་༼ང་ཚོས་ང་ཚོའི་ས་ཆ་སྲུང་སྐྱོབ་བྱ་ངེས་ཡིན། ཚེ་སྲོག་ཚུན་ཚད་བློས་གཏོང་ཐུབ་༽དང་། ཡང་༼ང་ཚོར་ཁྱིམ་མེད། ང་ཚོའི་ས་ཆ་ཚུར་ལོག་རོགས་༽ཞེས་སྐད་འབོད་ངོ་རྒོལ་བྱེད་མིའི་ཁྲོད་ནས། བོད་མི་༡༡ ཙམ་ཉིན་མ་དེ་ག་རང་ལ་འཇུ་བཟུང་བཀག་ཉར་བྱས་ཤིང་། ཕྱི་ཚེས་༣༠་ཉིན་དེ་དག་མི་༩ གློད་གྲོལ་བྱུང་ཡོད། ཡང་དེ་དག་གི་ཁྲོད་དུ་འཇིགས་བྱེད་སྐྱབས་དང་ཚེ་དཔོག་ཀྱང་ཡོད་ལ། རྒྱ་ཡིག་རྒྱ་སྐད་ལ་བྱིངས་ཆ་ཡོད་པའི་འཇིགས་བྱེད་སྐྱབས་ནི་ས་དབང་ཞུ་གཏུགས་པའི་སྣེ་འཁྲིད་དང། སྐད་སྒྱུར་པ། ཁྲིམས་མཐུན་གྱི་སྒོ་ནས་ས་ཆའི་བདག་དབང་ཚུར་ལོག་དགོས་སྐོར་གྱི་ཡིག་ཆ་བཟོ་མཁན་ཡང་ཆགས་ཡོད། ཕྱི་ཟླ་༤ཟླ་དཀྱིལ་ཙམ་ལ་ཁོང་གནས་སྐབས་རིང་ཉེན་ཡོལ་དུ་ཕྱིན་དགོས་འཁེལ་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།