མང་གཙོ་ལག་ལེན་བསྟར་ཐུབ་ཀྱི་བགྲོ་གླེང།
ཟླ་འདིའི་ཚེས་༢༢ ཉིན་འདི་ག་མོན་གྷོ་ས་གནས་གཞོན་ལྷན་དང། ས་གནས་བུད་མེད་ཚོགས་པ། གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་གསུམ་གྱི་གོ་སྒྲིག་འོག་མང་གཙོ་དང་རང་དབང་སྐོར་ལ་བགྲོ་གླེང་ཞིག་མོན་གྷོ་ས་གནས་མི་མང་ཚོགས་ཁང་དུ་འཚོགས་ཡོད་པ་རེད།
སྐབས་དེར་མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་ཁག་དགུའི་མི་མང་ཚོགས་ཞུགས་བྱས་འདུག ཐོག་མར་ས་གནས་གཞོན་ལྷན་ཚོགས་གཙོས། མི་མང་གི་མང་གཙོའི་གོ་དོན་མཐོར་འདེགས་དང་ལག་ལེན་དོན་འཁྱོར་ཡོང་ཆེད་བགྲོ་གླེང་འདི་གོ་སྒྲིག་བྱས་པ་ཡིན་ཅེས་གསུང་བཤད་གྲུབ་རྗེས། བགྲོ་གླེང་གནང་མཁན་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་ལགས་དང་ས་འཐུས་ཚོགས་གཞོན་བསོད་ནམས་རྡོ་རྗེ་ལགས་གཉིས་ཀྱིས་གསུང་བཤད་གནང་ཡོད་པ་རེད། སྤྱིར་བཏང་འགྲོ་བ་མིའི་མི་ཚེའི་ནང་གི་རྙེད་དཀའ་བའི་རིན་ཐང་ཆེ་ཤོས་མང་གཙོ་ཞེས་པའི་མང་ཚིག་དེ་རེད། འོན་ཀྱང་མི་ལ་མཛུབ་མོ་བཙུགས་ནས་སྐྱོན་ཆ་རྐྱང་རྐྱང་གླེང་བསྡད་པ་ཙམ་མིན་པར་སོ་སོའི་ངོས་ནས་མང་གཙོའི་འགན་དབང་ཆ་ཚང་ཤེས་པའི་ཐོག་འོས་བསྡུའི་ཆ་ཤེས་སོགས་རང་འགན་གཙང་དང་ལག་ལེན་དོན་འཁྱོར་ཡོང་དགོས་པ་ཞིག་རེད། ལྷག་པར་སླེབས་ལ་ཉེ་བའི་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་པ་དང། བཀའ་བློན་ཁྲི་བའི་འོས་བསྡུ་སོགས་ཀྱི་གོ་སྐབས་ཆ་ཚང་རང་དོན་རང་གཅེས་ཀྱི་སྒོ་ལེན་དགོས་ངེས་རེད་ཅེས་གསུངས་སོང། དེ་བཞིན་མི་མང་གི་དྲི་བ་དྲིས་ལན་དང་བསམ་ཚུལ་རྗེ་རེས་སོགས་བྱས་རྗེས། བུད་མེད་ཚོགས་གཙོས་ཐུགས་རྗེ་ཆེའི་གསུང་བཤད་གྲུབ་རྗེས་ཚོགས་འདུ་གྲོལ་ཡོད་པ་རེད།། མོན་གྷོ་གསར་འགོད་པས།