རྒྱལ་ཚོགས་ཀྱི་དྲུང་ཆེའི་རྒྱ་ནག་ལ་སྐོར་བསྐྱོད་ཐེངས་དང་པོ།
མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གསར་པ་འདེམས་ཐོན་པ་སྐུ་ཞབས་ཨན་ཊོ་ནི་ཡོ་གྷུ་ཀྲེ་རེས། ཐེངས་དང་པོར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཉིན་གཉིས་རིང་སྐོར་བསྐྱོད་དུ་སླེབས་ཡོད་འདུག་པ་དང་། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་དང་ཐུག་འཕྲད་བྱ་རྒྱུ་ཡིན་འདུག
དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་གྱི་ཧོང་ཀོང་གི་ལྷོ་རྒྱ་ནག་ཞོགས་འཕྲིན་སྟེང་གནས་ཚུལ་བཀོད་གལས། བདུན་ཕྲག་སྔོན་མར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱལ་ཚོགས་ཀྱི་དྲུང་ཆེ་འདེམས་ཐོན་པ་རྒྱ་ནག་གིས་གདན་ཞུ་ལྟར། ཉིན་གཉིས་རིང་སྐོར་སྐྱོད་དུ་སླེབས་རྒྱུ་དང་། ཐེངས་འདིར་ཕྱོགས་གཉིས་བར་ད་ལྟའི་རྒྱལ་སྤྱིའི་གནས་བབ། རྒྱ་ནག་གི་རྒྱལ་ཚོགས་དང་མཉམ་ལས། མངའ་ཁུལ་དང་རྒྱལ་སྤྱིའི་ནང་སེམས་འཁུར་བྱེད་འོས་པའི་གནས་སྟངས་སོགས་ཀྱི་ཐོག་ལ་གྲོས་བསྡུར་བྱེད་སྲིད་སྐོར་དང་། རྒྱ་ནག་གིས་ཐེངས་འདིའི་ཐུག་འཕྲད་བརྒྱུད་ཕྱོགས་གཉིས་བར་གྱི་ཡིད་ཆེས་འཕེལ་བའི་བའི་རེ་བ་ཡོད་སྐོར་བརྗོད་འདུག
དེ་ཡང་ཉེ་བའི་ཆར་ཨ་རིའི་སྲིད་འཛིན་འདེམས་ཐོན་སྐུ་ཞབས་ཌོ་ནལ་ཊོམ་གྱིས། པེ་རི་སིའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་དོན་ལས་ཕྱིར་འཐེན་བྱ་རྒྱུ་ཡིན་པའི་སྡིགས་ར་བཏང་ཡོད་འདུག་པས། རྒྱལ་སྤྱིའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་ཐོག རྒྱ་ནག་གིས་འགོ་ཁྲིད་སྲིད་པའི་ཚོད་དཔག་བྱེད་མཁན་མང་པོ་ཡོད་འདུག་པ་དང་། རྒྱ་ནག་གིས་རེ་བ་དེར་དོགས་ཟོན་བྱེད་ཀྱི་ཡོད་པར་སྣང་ཡང་། རྒྱ་ནག་གིས་ཨ་རིས་རང་ཉིད་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་དོན་བཞག་པར་དམ་བཅའ་བརྩི་འཇོག་བྱེད་པའི་རེ་བ་ཡོད་སྐོར་བརྗོད་ཡོད་འདུག་པས། ཐེངས་འདིར་ཕྱོགས་གཉིས་བར་གནད་དོན་དེའི་ཐོག་ལ་གྲོས་མོལ་བྱེད་སྲིད་པ་རེད་འདུག
ཟླ་འདིའི་ནང་ལྷོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་མོ་རོ་ཁོར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་སྟེང་། རྒྱ་ནག་གིས་གལ་ཏེ་ཨ་རིས་པེ་རི་སེའི་གྲོས་དོན་ལས་ཕྱིར་འཐེན་བྱས་ནའང་རྒྱ་ནག་གིས་གྲོས་དོན་ལ་མུ་མཐུད་བརྩི་འཇོག་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
གལ་ཏེ་ཨ་རིས་གྲོས་དོན་དེ་ལས་འཕྱིར་འཐེན་བྱས་ཚེ། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གྲོས་མོལ་སོགས་ཀྱི་ཐོག རྒྱ་ནག་གི་འགོ་ཁྲིད་ནུས་པ་ཆེ་རུ་འགྲོ་ཉེན་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།