ཨ་རྒྱ་གཉིས་ཀྱི་སྲིད་འཛིན་ཐུག་འཕྲད་བྱེད་འཆར།
དེ་ཡང་ཟླ་འདིའི་ཚེས་༡༠ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཉིན་གྲངས་འགའི་རྗེས་སུ་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཨ་རིའི་གྲོང་ཁྱེར་ཝ་ཤིན་ཊོན་དུ་ཆེད་བསྐྱོད་ཀྱིས་དེ་གའི་སྲིད་འཛིན་ཨོ་བྷ་མ་དང་ཐུག་འཕྲད་བྱེད་རྒྱུ་ཡིན་ཞིང་། དེ་ཡང་གཙོ་བོ་ནི་ཚོང་དོན་གྱི་ལས་གཞིའི་སྐོར་ཡིན་པ་དང་། ལོ་སྔོན་མའི་ཟླ་བ་༡༡ པའི་ནང་སྲིད་འཛིན་ཨོ་བྷ་མ་མཆོག་རྒྱ་ནག་ཏུ་ཕེབས་སྐབས། རྒྱ་ནག་གི་དངུལ་ལོའི་འཛའ་ཐང་དང་དྲ་རྒྱའི་རང་དབང་སོགས་ཀྱི་ཐད་ལ་གླེང་སློང་མང་པོ་གནང་ཡོད་པ་དང། དེ་བཞིན་ཉེ་དུས་ཨ་རིའི་ནོར་སྲིད་བློན་ཆེན་རྒྱ་ནག་ཏུ་ཕེབས་ནས། སླར་ཡང་ཚོང་དོན་སོགས་ཀྱི་ཐད་ལ་གླེང་སློང་ཤུགས་ཆེར་གནང་ཡོད་འདུག
ཨ་རིའི་གཞུང་ཕྱོགས་ནས་ཨ་རྒྱ་གཉིས་མཉམ་འབྲེལ་ཐོག་ནས་ཨི་རན་གྱི་རྡུལ་ཕྲན་བཟོ་སྐྲུན་གྱི་ཐད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། སྔོན་དུས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཨི་རན་ལ་རྡུལ་ཕྲན་བཟོ་སྐྲུན་གྱི་ལས་གཞིའི་ཐད་ཉེས་ཆད་གཏན་འབེབས་བྱས་ཡོད་རུང། རྒྱ་ནག་གཞུང་གིས་ལས་དོན་དེ་ཨི་རན་གྱི་ནང་སྲིད་ཡིན་པས། རྒྱལ་ཚོགས་ཀྱིས་ཐད་གཏོགས་བྱེད་མི་རུང་བའི་སྐོར་བརྗོད་ནས་ད་ལྟའི་བར་ལམ་ལྷོང་བྱུང་མེད་རུང། ཟླ་འདིའི་ནང་འཚོག་འཆར་ཡོད་པའི་རྒྱལ་སྤྱིའི་རྡུལ་ཕྲན་བདེ་འཇགས་ཀྱི་ལྷན་ཚོགས་སུ། ཨ་རྒྱ་གཉིས་ཀའི་སྲིད་འཛིན་ལྷན་ཞུགས་ཀྱིས་ཆ་ཤས་ལེན་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་འདུག
ཉེ་དུས་ཨ་རྒྱ་གཉིས་དབར་དྲ་གནས་དམ་དྲག་གི་རྙོག་འཛིང་ཆེན་པོ་བྱུང་ཡོད་པ་དང། དེ་ཡང་རྒྱ་ནག་ཏུ་གྷོའི་གྷལ་དྲ་གནས་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་༣༨༥ ཙམ་ཡོད་མེད་ལ་མ་བལྟོས་པར། ཨ་རིས་དྲ་གནས་དེ་རྒྱ་ནག་ནས་ཕྱིར་འཐེན་བྱེད་དགོས་བྱུང་བས་ཨ་སྒོར་ཐེར་འབུམ་༡༠ ལྷག་ཙམ་ཕམ་ཉེས་བྱུང་ཡོད་པ་དང་། ལོ་གྲངས་མང་པོའི་རིང་རྒྱ་ནག་གི་དངུལ་གྱི་འཛའ་ཐང་སྤར་སྣོན་བྱས་མེད་པས། ཨ་རིའི་ཚོང་ཟོག་ཕྱིར་གཏོང་ཐད་ལ་ཨ་སྒོར་ས་ཡ་མང་པོའི་གྱོང་གུད་ཕོག་བཞིན་པ། དེ་བཞིན་ཐེ་ཝན་ལ་ཨ་རིས་གོ་མཚོན་བཙོང་པར་རྒྱ་ནག་གིས་ངོ་རྒོལ་བྱས་པ། ༧གོང་ས་མཆོག་ཨ་རིའི་ཕོ་བྲང་དཀར་པོའི་ནང་གདན་ཞུས་ཀྱི་སྲིད་འཛིན་ཨོ་བྷ་མ་དང་མཇལ་འཕྲད་གནང་བར། རྒྱ་ནག་གི་དཔོན་རིགས་ཚོས་ངོ་རྒོལ་བྱས་པ་སོགས་ཀྱིས་མཚོན། ཕྱོགས་གཉིས་ཀའི་དབར་འགལ་ཟླ་ཟམ་མ་ཆད་པར་འགྲོ་བཞིན་ཡོད་པ་རྣམས་ཐེངས་འདིའི་སྲིད་འཛིན་རྣམ་གཉིས་ཐུག་འཕྲད་སྐབས་བཟང་ཕྱོགས་སུ་འགྱུར་བ་འགྲོ་རྒྱུར། རྒྱལ་ཁབ་གཉིས་ཀས་རེ་བ་བྱེད་བཞིན་ཡོད་སྐོར་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།།
