རྒྱལ་ཚོགས་ལ་བོད་དོན་ཆེད་ཚོགས་ཆེན་ཞིག་བསྐོང་དགོས་པའི་རེ་འབོད།
ཟླ་འདིའི་ཚེས་༢༩ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཁཱན་ཁྲོམ་གཞུང་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་བར་མི་མང་གིས་གོམ་བགྲོད་བྱས་ཏེ། བོད་སྐྱོབ་དགོས་པའི་སྐད་འབོད་ལས་འགུལ་སྤེལ་ཡོད་པ་རེད།
སྐབས་དེར་བོད་ནང་ནས་བོད་མི་༡༥༠ ཡིས་རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གིས་བོད་བང་བསྒྱུར་བྱས་པར་ངོ་རྒོལ་བྱས་ཡོད་པའི་པུར་སྒམ་མི་མང་གིས་ཁུར་ཏེ། རྒྱལ་ཚོགས་སྒོ་རུ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
གཞོན་ལྷན་གྱིས་ལས་འགུལ་དེའི་སྐོར་འགྲེལ་བརྗོད་གནང་བའི་ནང། བོད་ནང་ནས་རྒྱ་ནག་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གཏོང་མཁན་༡༥༠ དང་བཙན་བྱོལ་ནང་༨ བྱུང་ཡོད་པ་དང་། དེ་བཞིན་བོད་མི་ཆེས་མང་པོས་བོད་དོན་ཆེད་ངོ་རྒོལ་ལས་འགུལ་འདྲ་མིན་སྤེལ་བའི་སྙིང་སྟབས་ལ་གུས་བཀུར་དང་། ཁོང་ཚོའི་མངོན་འདོད་ཚང་མས་ཤེས་རྟོགས་ཆེད་དྲིལ་བསྒྲགས་བྱེད་ཀྱི་ཡོད་སྐོར་བརྗོད་འདུག
དེ་བཞིན་ཐེངས་འདིའི་ལས་འགུལ་བ་ལྡི་ལིའི་རྒྱལ་ཚོགས་ཀྱི་ལས་ཁང་དུ་མདུན་དུ་སོང་སྟེ། རྒྱལ་ཚོགས་ཀྱི་ངོས་གནས་བོད་དོན་ཆེད་དམིགས་བསལ་གྱིས་ཚོགས་ཆེན་ཞིག་བསྐོང་ཏེ། བོད་མིར་རྒྱབ་སྐྱོར་ཡོང་བའི་རེ་འདུན་བཏོན་ཡོད་པ་རེད། གཞོན་ལྷན་ཚོགས་གཙོ་བསྟན་འཛིན་འཇིགས་མེད་ཀྱིས་”ཇི་སྲིད་དུ་རྒྱ་ནག་གིས་ཁྲིམས་འགལ་ཐོག་ནས་མུ་མཐུད་བོད་བཟུང་བ་དེ་སྲིད་དུ། བོད་མི་མང་གིས་རྒྱ་ནག་དམར་ཤོག་གཞུང་གི་གཉའ་གནོན་དང་སྲིད་ཇུས་ལ་ངོ་རྒོལ་དང་གདོང་ལེན་བྱེད་ཀྱི་རེད། ངོ་རྒོལ་དེ་མཚམས་འཇོག་བྱེད་རྒྱུའི་ལམ་ཁ་གཅིག་ཡོད་པ་དེ་ནི་རྒྱ་ནག་གིས་བོད་མི་མང་གི་མངོན་འདོད་ལ་ཉན་རྒྱུ་དེ་རེད།”བརྗོད་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།