བོད་མི་ཚོར་བ་གླང་གི་ཤ་ཟ་རྒྱུར་གཟབ་དགོས་པའི་གསལ་བརྡ་བཏང་འདུག

རྒྱ་གར་ནང་བ་གླང་གི་ཤ་ཟ་རྒྱུ་དང་བ་གླང་ཉོ་ཚོང་ལ་དམ་དྲག་ཤུགས་ཆེ་རུ་འགྲོ་བཞིན་པ་དང་བསྟུན། དྷ་སའི་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས། བོད་མི་ཚོས་བ་གླང་གི་ཤ་ཟ་བ་དང་ཉོ་ཚོང་བྱེད་པའི་རིགས་ལ་ཞུགས་ནས་ཁྲིམས་ཆད་ཕོག་ཚེ། ས་གནས་འགོ་འཛིན་ལས་ཁུངས་ནས་རྒྱབ་སྐྱོར་ངོས་ལེན་ཞུ་མི་ཐུབ་པའི་གསལ་བསྒྲགས་ཤིག་བཏང་འདུག

དེ་ཡང་དྷ་ས་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱིས་ཟླ་འདིའི་ཚེས་༡ ཉིན་འཁོད་ཀྱི་གསལ་བསྒྲགས་ཤིག་ནང་། “འདི་ལོར་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གཉིས་ནས་ཁྲིམས་གསར་པ་གཏན་འབེབས་གནང་བ་བཞིན། བ་གླང་གི་ཤ་ཟ་བ། ཚོང་བ་དང་ཟ་ཁང་དུ་བེད་སྤྱོད་མི་ཆོག་པའི་དམ་བསྒྲགས་ཤུགས་ཆེན་པོ་སྤེལ་བ་དང་ཁྲིམས་གཏུགས་ཉེས་ཆད་ཆེན་པོ་གཏོང་རྒྱུར་ངེས་པས། མི་མང་ཚང་མས་ཆེ་ཤའམ་བ་གླང་གི་ཤ་ཟ་རྒྱུ་དང་། ཚོང་རྒྱུར་གཟབ་དགོས་པ་ཡིན། འབྱུང་འགྱུར་ཁྲིམས་ཆད་ཕོག་ཚེ་འདི་ལས་ནས་རྒྱབ་སྐྱོར་ངོས་ལེན་ཞུ་མི་ཐུབ་”ཞེས་འཁོད་འདུག

རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་༦ པའི་ཚེས་༣༡ ཉིན་རྒྱ་གར་དབུས་གཞུང་གིས་རྒྱ་གར་ནང་དུ་བ་གླང་གསོད་ཆེད་དུ་དུད་འགྲོའི་ཁྲོམ་རར་ཉོ་ཚོང་བྱེད་མི་ཆོག་པ་དང་། ཞིང་པ་ཡིན་པའི་ཁུངས་སྐྱེལ་ཡིག་ཆ་ཡོད་མཁན་ཚོས། བ་གླང་དང་མ་ཧེ་སོགས་ཞིང་ལས་ཐོན་སྐྱེད་ཀྱི་ཆེད་དུ་ཉོ་ཚོང་བྱེད་ཆོག་པ་ལས། གསོད་ཆེད་དུ་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་གཏན་འབེབས་བྱས་ཡོད་འདུག་པས། ཧིན་རྡུ་ཚུད་པའི་ཆོས་ལུགས་འདྲ་མིན་གྱི་མི་མང་བརྒྱ་ཆ་༦༠ ཡིས་བ་གླང་གི་ཤ་ཟ་ཡི་ཡོད་པའི་ཀེ་རེ་ལ་མངའ་སྡེའི་གནད་ཡོད་མི་སྣ་དང་། སྤྱི་ཁྱབ་བློན་ཆེན་གྱི་ལས་ཁང་གིས་དབུས་གཞུང་གི་ཁྲིམས་གསར་དེར་སྐྱོན་བརྗོད་དང་ངོས་ལེན་བྱ་རྒྱུ་མིན་སྐོར་བརྗོད་པ་མ་ཟད། ཕྱོགས་མང་པོ་ཞིག་གིས་དབུས་གཞུང་གིས་མངའ་སྡེའི་ཁྲིམས་ལ་ཐེ་ཇུས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་རྐྱེན། དབུས་གཞུང་གིས་གུ་ཡངས་ཀྱི་ལྟ་བ་བཟུང་ནས། ཁྲིམས་གསར་དེ་ནི་དུད་འགྲོའི་ཁྲོམ་རར་བ་གླང་ཉོ་ཚོང་བྱེད་ཆོག་མིན་ལས། མངའ་སྡེ་ཁག་གི་བ་གླང་གསོད་ཆོག་མིན་གྱི་ཁྲིམས་ལ་ཐེ་ཇུས་བྱས་པ་མིན་སྐོར་གསལ་བཤད་བྱས་ཡོད་འདུག རྒྱ་གར་དབུས་གཞུང་གི་ཁྲིམས་གསར་དེའི་རྐྱེན་པས། ཅ་ལག་རྙིང་པ་ཉོ་ཚོང་བྱ་ཡུལ་གྱི་དྲ་ཐོག་ཚོང་ཁང་ཁག་ཏུ། བ་གླང་བཙོང་རྒྱུ་ཡིན་པའི་གསལ་བསྒྲགས་བྱེད་མཁན་མང་པོ་འབྱུང་བཞིན་ཡོད་འདུག

དེ་བཞིན་ཟླ་༥ པའི་ཚེས་༣༡ ཉིན་ར་ཇེ་སེ་ཐན་གྱི་མངའ་སྡེའི་ཁྲིམས་དཔོན་ཞིག་གིས། བ་གླང་དེ་རྒྱ་གར་རྒྱལ་ཁབ་ཀྱི་སྲོག་ཆགས་ཤིག་ཏུ་ངོས་འཛིན་བྱས་ཏེ། དེ་གསོད་མཁན་རྣམས་ཚེ་བཙོན་གྱི་ཁྲིམས་ཆད་གཏོང་དགོས་པའི་བཅད་ཁྲ་བཏང་ཡོད་འདུག

རྒྱ་གར་ནང་མི་མང་བརྒྱ་ཆ་ཕལ་ཆེ་བ་ཞིག་ཧིན་རྡུ་ཆོས་ལུགས་པ་ཡིན་ཞིང་། ཧིན་རྡུ་ཆོས་ལུགས་པ་ཚོས་བ་གླང་དེ་རྩ་ཆེན་པོ་བརྩི་ཡོད་པ་རེད། ཕྱི་ལོ་༢༠༡༤ ལོར་རྒྱ་གར་དབུས་གཞུང་འཛིན་ཚོགས་པ་དེ་བྷི་ཇེ་བྷེ་ཆགས་པ་ནས་བཟུང་། རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་བ་གླང་གི་ཤ་ཟ་མཁན་དང་། བ་གླང་ཉོ་ཚོང་བྱེད་མཁན་རྣམས་ལ་དང་བླངས་བ་གླང་སྲུང་སྐྱོབ་ཚོགས་པའི་ཚོགས་མི་དང་། ཧིན་རྡུ་མི་མང་སྒེར་པས་རུབ་རྡུང་དང་རུབ་གསོད་བྱས་པའི་གནས་ཚུལ་མི་ཉུང་བ་ཞིག་བྱུང་ཡོད་ཁར། མངའ་སྡེ་ཁག་ཅིག་ནང་བ་གླང་གསོད་པ་དང་དེའི་ཤ་ཟ་བ་བྱེད་མི་ཆོག་པའི་ཁྲིམས་ཡང་གཏན་འབེབས་བྱས་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།