དགུ་བཅུ་གསུམ་ཚོགས་པའི་ལས་འགུལ་ལ་རྒྱ་མོ་ཞིག་གི་ངོ་རྒོལ།
ཟླ་འདིའི་ཚེས་༡ ཉིན་དྷ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒོ་འགྲམ་དཔའ་བོའི་རྡོ་རིང་མདུན་དུ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་ཕྱི་ལོ་༡༩༨༧ ཟླ་༩ ཚེས་༢༧ དང་ཟླ་༡༠ ཚེས ༡ ཉིན་ཁག་སོ་སོར་ལྷ་སའི་འབྲས་སྤུངས་དགོན་པའི་དགེ་འདུན་པ་དང་སེ་ར་དགོན་པའི་དགེ་འདུན་པ་ཚོས་རྒྱལ་ས་ལྷ་སར་བོད་རང་བཙན་གྱི་ཞི་རྒོལ་འཐབ་རྩོད་གནང་ནས་མི་ལོ་ཧྲིལ་པོ་སུམ་ཅུ་འཁོར་བའི་སྐབས་དེའི་ལས་འགུལ་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞིག་བྱས་ཡོད་པ་རེད།
སྐབས་དེར་ཨ་རི་ནས་ཡོང་བའི་རྒྱ་མོ་ཀྲུའུ་ཝེན་ཆེས་(Zhu Wen qi) ཟེར་ཞིག་གིས་ཇེམ་ཙེ་བཟུང་ནས་འགྲེམས་སྟོན་འདྲ་པར་གཏུབ་རྩིས་དང་རྒྱ་ནག་གིས་བོད་ལ་བཙན་གནོན་དབང་བསྒྱུར་བྱས་པའི་འགྲེམས་སྟོན་དེར་ངོས་ལེན་མེད་པར་ངོ་རྒོལ་དང་། བོད་དེ་རྒྱ་ཁོངས་ཡིན་སྐོར་བརྗོད་འདུག དགུ་བཅུ་གསུམ་ཚོགས་གཙོ་དང་སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱིས་མོ་ལ་གསལ་བཤད་བྱས་ཡོད་ནའང་མ་ཉན་ཁ་རྩོད་ཤོར་བ་དང། རྒྱ་མོ་དེས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་གྱི་ངོ་གདོང་ལ་ལག་འཆང་སྐབས། སྐབས་དེར་མི་མང་གིས་བར་འདུམ་བྱས་པ་དང་། བོད་མི་ཁག་ཅིག་གིས་གསལ་བཤད་བྱེད་སྐབས། རྒྱ་མོ་དེས་མོ་༧གོང་ས་མཆོག་གི་སློབ་མ་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་འདུག ཁ་རྩོད་བྱེད་བཞིན་པའི་སྐབས་ཨ་རིའི་རླུང་འཕྲིན་བོད་སྐད་སྡེ་ཚན་གྱི་གསར་འགོད་པས་པར་རྒྱག་བཞིན་པར། རྒྱ་མོས་མུར་མཛོག་གཞུས་པ་དང་། རྒྱ་མོ་གཞན་ཞིག་གིས་དེ་ལྟར་མ་བྱེད་ལབ་ནའང་། ད་ལ་ཡང་ཁ་རྩོད་བརྒྱབ་ཡོད་འདུག
གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་མོ་ཀྲུའུ་རྒྱ་ནག་ནང་སྐྱེས་ནས་ད་ལྟ་ཨ་རིར་བསྡད་ཡོད་པ་དང་། ཉིན་དེའི་ཉིན་རྒྱབ་བསྐྱར་དུ་བོད་ཆས་གྱོན་ནས་ལས་འགུལ་སྤེལ་སར་ཡོང་བ་དང་༧གོང་ས་མཆོག་གི་སྐུ་པར་མདུན་མེ་ཏོག་བཞག་ནས། གཙུག་ལག་ཁང་དུ་སོང་ཡོད་པ་རེད། དུས་རྒྱུན་ས་གནས་ཁག་ཅིག་ལ་༧གོང་ས་མཆོག་གིས་གསུང་ཆོས་གནང་སྐབས་མོ་བཅར་ཡོད་འདུག འབྲེལ་ཡོད་ཀྱིས་རྒྱ་གར་ཉེན་རྟོག་ལས་ཁུངས་སུ་ཞུ་གཏུག་བྱས་པ་དང་། ཉེན་རྟོག་པས་མོ་ལ་འདྲི་རྩོད་བྱས་ཡོད་འདུག་ལ། ད་ལྟའི་ཆར་མོ་༧གོང་ས་མཆོག་གི་གསུང་ཆོས་ལ་བཅར་རྒྱུ་བཀག་འགོག་དང་། རྒྱ་གར་ནས་ཕྱི་ལ་ཐོན་དགོས་པའི་ཉེན་བརྡ་བཏང་ཡོད་འདུག དྲ་ལམ་ཁག་ཅིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ལྔ་དང་ལྔ་བཅུའི་ཚོགས་ཆེན་འཚོག་ལ་ཉེ་བས། དེའི་ཐོག་རྒྱ་མོ་ཀྲུའུ་ཚོགས་བཅར་བྱེད་ཡོང་བ་ཡིན་སྐོར་ཚོད་དཔག་བྱས་ཡོད་ནའང་། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་མོ་དེ་ཚོགས་འདུ་དང་འབྲེལ་བ་མེད་སྐོར་འགྲེལ་བརྗོད་བྱས་འདུག
གསར་འགོད་པ་ཆོས་ཉིད་འོད་ཟེར།
དྲ་ཐག་འདིར་བརྙན་ཡོད།