གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་༥༠ ལྷག་བཀག་ཉར།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཁག་ཅིག་གཙོས་པའི། ལྡི་ལི་རི་ཧི་ནེ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བཅས་མི་གྲངས་༥༠ ལྷག་གིས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་རྐྱེན། རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པ་རེད།

དེ་ཡང་ཟླ་༡༠ པའི་ཚེས་༡༨ ཉིན་རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩ པ་དེ་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ཏུ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བས་ངོ་རྒོལ་སྐད་འབོད་བྱས་པར་བརྟེན། རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་འདུག

འཛིན་བཟུང་བྱས་པའི་མི་གྲངས་༥༠ ལྷག་གི་ཁྲོད་དུ་ལྡི་ལིའི་རི་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་མཐོ་རིམ་སློབ་མ་ལས་འགུལ་བ་དང་། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་། ཚོགས་གཞོན་རྟ་མགྲོན་སྲི་གཅོད། ཟུང་དྲུང་ངག་དབང་བློ་བཟང་། རིག་གཞུང་འགན་འཛིན་བཀྲ་ཤིས་དོན་གྲུབ། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲ་ཤིས་དར་རྒྱས་བཅས་ཡོད་པ་རེད་འདུག

ཟླ་༡༠ པའི་ཚེས་༡༧ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཚེས་༡༨ ཉིན་གཞོན་ནུ་ལྷན་ཚོགས་ཀྱིས་འཛམ་གླིང་གང་སར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བོད་ཀྱི་དབང་བསྒྱུར་མཚམས་འཇོག་བྱས་ནས། བོད་ནང་གི་བོད་མི་ཚོའི་རེ་འབོད་ལ་ཉན་འཇོག་བྱེད་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་འཁོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།