བོད་དོན་རྒྱ་དཀར་ནག་གཉིས་བར་གྱི་གྲོས་མོལ་གྱི་ཆ་ཤས་སུ་བཟོ་དགོས་རེད།
བོད་དེ་རྒྱ་ནག་ནང་བཞིན་རྒྱ་གར་ལ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པ་ངོས་འཛིན་ཐོག རྒྱ་དཀར་ནག་གཉིས་གཞུང་འབྲེལ་གྱི་གྲོས་མོལ་སྐབས་སུ་བོད་དོན་དེ་ངེས་པར་དུ་དེའི་ཆ་ཤས་སུ་བཟོ་དགོས་རེད་ཅེས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས་བརྗོད་ཡོད་འདུག
ཟླ་འདིའི་ཕྱི་ཚེས་༡༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ན་འཚོགས་པའི་སྐུ་གཤེགས་དམ་པ་མཁས་དབང་སོན་དྷིའི་རྗེས་དྲན་གྱི་གཏམ་བཤད་ཐེངས་གསུམ་པའི་ཐོག་ཕེབས་ཏེ། རྒྱ་གར་གྱི་རྒྱལ་མཚམས་སུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་དུས་སྐབས་འདིར། རྒྱ་གར་གཞུང་ནས་ངེས་པར་དུ་བོད་དེ་གནད་དོན་ཆེས་གལ་ཆེན་པོ་ཞིག་ཏུ་བརྩི་དགོས་སྐོར་སོགས་ཀྱི་ཐོག་ལ་གསུང་བཤད་གནང་ཡོད་འདུག
དེ་ཡང་སྲིད་སྐྱོང་བློ་བཟང་སེང་གེས་ད་ལྟའི་རྒྱ་ནག་གི་སྟོབས་འབྱོར་དང་འབྲེལ་ནས་“རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཏུ་འགྱུར་བཞིན་པའི་སྐབས་འདིར། ང་ཚོས་རྒྱ་ནག་དེ་ནང་ཆོས་ཀྱི་རྨང་གཞི་ལྡན་པའི་མང་གཙོའི་རྒྱལ་ཁབ་ཅིག་ཏུ་སྒྱུར་རྒྱུ་དང་། ཡང་ན་རྒྱ་ནག་གིས་ང་ཚོ་ཚུར་སྒྱུར་བཅོས་གཏོང་འཇུག་རྒྱུ་གཉིས་ལས་གདམ་ག་གཞན་མེད་པ་རེད།”ཅེས་དང་། “གནད་དོན་འདི་དང་འབྲེལ་བའི་ཐོག་ནས་སྐུ་གཤེགས་དམ་པ་མཁས་དབང་སོན་དྷི་ཡིས་སྔོན་ཚུད་ནས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཁྲོད་བོད་ནི་གནད་དོན་གཙོ་བོ་ཆགས་ཀྱི་ཡོད་སྐོར་གསུངས་ཡོད་རེད་”ཅེས་སྐུ་གཤེགས་མཁས་དབང་སོན་དྷི་ཡིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ཆེས་མ་མཐར་རྒྱ་གར་གྱིས་བོད་དེ་རྒྱ་དཀར་ནག་གཉིས་དབར་གྱི་བར་གནས་ཀྱི་ས་ཁུལ་ཞིག་དང་། ཞི་བདེའི་ས་ཁུལ་ཞིག་ཡིན་པ་ངོས་འཛིན་བྱེད་དགོས་པ་དང་། མ་མཐར་བོད་ནང་རྡུལ་མཚོན་འགོག་དགོས་སྐོར་བཅས་གསུངས་ཡོད་ཀྱང་། སུ་གང་གིས་དེར་རྒྱབ་སྐྱོར་བྱས་མེད་སྐོར་དང་། གལ་སྲིད་རྒྱ་གར་གྱིས་བོད་དེ་བར་གནས་ས་ཁུལ་ཞིག་གམ་ཞི་བའི་ས་ཁུལ་ཞིག་ཏུ་ངོས་འཛིན་ཐོག་དེ་ལྟར་བྱེད་ཐུབ་ཡོད་ཚེ་མ་མཐའ་ཡང་འབྲོག་ལམ་ཁུལ་གྱི་ཛ་དྲག་གནས་སྟངས་མི་ཡོང་སྐོར་བརྗོད་ཡོད་འདུག
དེ་བཞིན་ཁོང་གིས་རྒྱ་གར་གྱི་རྒྱལ་མཚམས་སུ་རྒྱ་ནག་གི་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་དང་འབྲེལ་ནས་“རྒྱ་གར་གྱི་ངོས་ནས་ངེས་པར་དུ་བོད་དེ་རྒྱ་ནག་ནང་བཞིན་རྒྱ་གར་ལ་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པའི་ངོས་འཛིན་ཐོག རྒྱ་དཀར་ནག་གཉིས་ཀྱི་བགྲོ་གླེང་སྐབས་སུ་བོད་དོན་དེ་ངེས་པར་དུ་བགྲོ་གླེང་གི་ཆ་ཤས་སུ་བཟོ་དགོས་རེད་”ཅེས་བརྗོད་ཡོད་འདུག
དེ་བཞིན་ཁོང་གིས་ཉེ་ཆར་རྒྱ་ནག་དམར་ཤོག་གི་ཚོགས་ཆེན་༡༩ པའི་ཐོག་ཞི་ཅིན་ཕིན་གྱི་གཏམ་བཤད་དང་འབྲེལ་ནས་“རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གིས་ཆུ་ཚོད་གསུམ་རིང་གཏམ་བཤད་སྤེལ་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྐོར་ལ་བཤད་ཡོད་ཅིང་། དེའི་དོན་སྙིང་ནི་གུ་ཡངས་མང་གཙོ་དང་། རང་དབང་གི་གཏམ་བརྗོད། ཁྲིམས་སྒྲིག་གི་དབང་སྒྱུར་མེད་པར། ཆབ་སྲིད་ཚོགས་པ་གཅིག་གི་དབང་སྒྱུར་སྐོར་ལ་རེད།”ཅེས་གསུངས་ཡོད་འདུག
གཞན་ཡང་ཁོང་གིས་བོད་ནི་ཨེ་ཤི་ཡའི་གཙང་པོ་ཆེ་ཤོས་ཀྱི་འབྱུང་ཁུངས་ཡིན་པ་དང་། དེའི་ཐོག་ནས་རྒྱ་ནག་གིས་དཀའ་རྙོག་བཟོ་བཞིན་ཡོད་སྐོར་དང་། དེ་བཞིན་འཕེལ་རྒྱས་ཟེར་བའི་མིང་ཐོག་ནས་རྒྱ་ནག་གིས་བོད་ནང་གི་ཁོར་ཡུག་གཏོར་བརླག་གཏོང་གི་ཡོད་སྐོར་སོགས་ཀྱི་སྐོར་ལ་གཏམ་བཤད་བྱས་ཡོད་འདུག །
གསར་འགོད་པ་བཀྲ་ཤིས་དོན་གྲུབ།