ཝང་ལི་ཞང་གིས་བོད་ལ་རང་སྐྱོང་སྤྲོད་སྲིད་དམ།

ཝང་ལི་ཞང་ཟེར་བའི་མིང་ཡང་བོད་རྒྱའི་གནད་དོན་གྱི་དཀའ་རྙོག་དང་འགྲོག་ནས་བོད་རྒྱ་གཉིས་ཀྱི་གཞོན་རབས་པ་ཚོའི་མིག་མདུན་དུ་བླངས་པའི་བོད་རྒྱའི་གནད་དོན་གླེང་མཁན་གྱི་རྩོམ་པ་པོ་ཆེས་རང་དབང་གི་འགྲུལ་བཞུད་ཡོད་མཁན་གྱི་རྒྱ་ནག་ནང་གི་མི་ཁྱད་པར་ཅན་ཞིག་ཆགས་ཡོད་ལ། ཁོ་རང་གིས་བོད་དོན་ཐད་དུ། རྒྱ་རིགས་རྩོམ་པ་པོ་གཞན་དག་ལས་བོད་རྒྱའི་གནད་དོན་ལ་རྩོམ་ཡིག་མང་བ་དང་དོ་སྣང་བྱེད་ཡུལ་དུ་གྱུར་བ་མི་ཉུང་བ་ཞིག་སྤེལ་ཡོད།

དེ་དང་འགྲོག་ནས་མི་ཁོ་རང་ཡང་བོད་བཙན་བྱོལ་གཞུང་གིས་ཀྱང་། དོན་སྣང་བྱེད་ཡུལ་དུ་གྱུར་བའི་མི་སྣ་གལ་ཆེན་ཞིག་ལ་ངེས་འཛིན་བྱས་པའི་སྒང་ལ། ཁོ་རང་གི་རྩོམ་ཡིག་ཆེས་མི་ཉུང་བ་ཞིག་ཀྱང་བོད་ཡིག་ལ་སྒྱུར་ནས་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ཁྱབ་དུ་སོང་བ་དང་བསྟུན། བཙན་བྱོལ་ནང་དུ་ཡང་ཁོ་རང་གི་བསམ་ཚུལ་ལ་མཐའ་གཅིག་དུ་དགའ་མོས་དང་དང་ལེན་བྱེད་མཁན་ཡང་བོད་ནང་གི་བོད་མི་ལས་ཀྱང་མང་དུ་བྱུང་ཡོད་ཅེས་བཤད་ཀྱང་གཏན་ནས་ཁྲིམས་འགལ་མིན། ལྷག་པར་དུ་མི་འདི་༧གོང་ས་མཆོག་དང་ཐེངས་མང་མཇལ་འཕྲད་ཀྱི་གོ་སྐབས་ཀྱང་རྒྱ་ནག་ནང་གི་ཤེས་ཡོན་ཅན་གཞན་དག་ལས་ཁོ་རང་ལ་མང་བ་ཐོབ་ཡོད།

མི་འདིས་བོད་མི་ལ་རྒྱུས་ལོན་བྱས་པའི་གྲངས་ཚད་ཅིག་བསྡུར་བ་ཡིན་ན། བོད་རིགས་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས་ད་དུང་རང་རིགས་བོད་ལ་རྒྱུས་ལོན་བྱས་པ་ཡང་འདང་གི་མེད་ཟེར་ན་ཆོག་པའི་ཚད་དུ་བསྐྱལ་ཡོད། བོད་མི་རིགས་འདི་ལ་ཁ་ལོ་སྒྱུར་བའི་ཐབས་ཕྱོགས་ཀྱང་ཁོ་རང་གིས་རྒྱ་ནག་ནང་གི་དཔོན་རིགས་དག་ལས་ཀྱང་གསལ་བོ་ཤེས་ཡོད།

གནས་ཚད་འདི་འདྲ་ཞིག་ལ་སླེབས་དུས་སུ། ང་ཚོས་ཁོ་རང་ལ་ཕྱོགས་གང་ནས་བལྟས་ཀྱང་གཟབ་ནན་བྱེད་པའི་དུས་ཤིག་ཆགས་ཡོད། ཐོག་མར་ཁོ་རང་ལ་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གྱི་མི་ཞིག་ཞིག་སྟེང་ནས་བལྟས་པ་ཡིན་ན་འགྲིག་གི་ཡོད་དམ་ཟེར་ན། དེ་ཡང་དེ་འདྲའི་ཚད་ལྡན་ཞིག་དུ་གྱུར་མིན་མི་ཤེས་ཀྱང་། ཁོ་རང་གི་ད་ལྟའི་བར་དུ་གླེང་བསྡད་པ་ཆེས་མང་བོ་ཞིག་གི་བརྗོད་བྱ་ནི། རྒྱ་བོད་ཀྱི་གནད་དོན་ཡིན་ལ། རྒྱ་བོད་ཀྱི་གནད་དོན་གླེང་བའི་ཆེས་མཐའ་མཇུག་གི་ཐུག་ས་གཙོ་བོ་དེ་ཡང་། དུས་ནམ་ཡང་བོད་འདི་སྔ་མོ་ནས་རང་བཙན་རྒྱལ་ཁབ་གཅིག་གི་ངོ་བོར་གནས་མྱོང་བ་གཏན་ནས་གླེང་མེད།

འོ་ན། དེ་མེད་ཀྱང་ཁོ་རང་གིས་བོད་རྒྱའི་གནད་དོན་འདི་ནི། བོད་རྒྱ་གཉིས་ཕན་གྱི་ལམ་ལ་འགྲོ་བར་འབད་བརྩོན་བྱས་ཡོད་དམ་ཟེར་ན། དེ་ཡང་མཐའ་མའི་གནད་འགག་ལ་ཐུག་ཡོད།

ཁོ་རང་སྒེར་ངོས་ནས་བོད་ལ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡིས་ནམ་རྒྱུན་དུ་གསུངས་བཞིན་པའི་ཆེས་མཐོའི་རང་སྐྱོང་གི་བདག་དབང་བོད་མིར་སྤྲོད་རྒྱུར་གྲྭ་སྒྲིག་ཡོད་དམ་ཟེར་བའི་དྲི་བ་འདི་གཅིག་པོ་ལས་གཞན་གང་ཡང་ལུས་མེད།

དེ་ལ་ཁོ་རང་གིས་ལན་གཅིག་མ་གཏོགས་འདེབས་དགོས་ཀྱི་མེད། འདོད་མོས་ཡོད་དམ་མེད་ཟེར་བ་དེ་ལས་གཅིག་ཡིན། དེ་ནི་ང་ཚོས་ཅི་ནས་ཀྱང་ཤེས་དགོས་པའི་གནད་དོན་ངེས་དེ་ཆགས་ཡོད།