རྒྱ་གར་གྱི་གློག་བརྙན་ཞིག་ལ་རྒྱ་ནག་ནང་གྲུབ་འབྲས་ཆེན་པོ་ཐོན་བཞིན་འདུག

རྒྱལ་སྤྱིའི་ནང་གློག་བརྙན་གྱི་ཁྲོམ་ར་ཆེ་ཤོས་གྲས་སུ་ཆགས་པའི་རྒྱ་ནག་ནང་། རྒྱ་གར་གྱི་གློག་བརྙན་ཞིག་ལ་གྲུབ་འབྲས་ཆེན་པོ་ཐོན་ནས། དངུལ་ས་ཡ་མང་པོ་བསགས་ཐུབ་ཡོད་འདུག

ཟླ་༡ པོའི་ཚེས་༢༤ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡ པོའི་ཚེས་༡༩ ཉིན་རྒྱ་ནག་ནང་སྒོ་འབྱེད་བྱས་པའི་རྒྱ་གར་གྱི་གློག་བརྙན་གསང་བའི་སྐར་གྲགས་ཅན་ཞེས་པ་དེ་བལྟ་ཆེད། ད་བར་ལག་འཛིན་ཉོས་པའི་དངུལ་གྱི་གྲངས་འབོར་ནི་ཧིན་སྒོར་ས་ཡ་༢༠༠༠ བརྒལ་ཡོད་འདུག་པས། གྲུབ་འབྲས་ཆེན་པོ་ཐོན་བཞིན་ཡོད་འདུག

གློག་བརྙན་དེའི་འཁྲབ་སྟོན་པ་མི་སྣ་གཙོ་བོ་ཨཱ་མིར་ཁན་གྱིས། གློག་བརྙན་དེའི་གྲུབ་འབྲས་དང་བསྟུན་ནས། རྒྱ་གར་དང་རྒྱ་ནག་གཉིས་ཀྱི་འཁྲབ་སྟོན་མི་སྣ་ཡོད་པའི་གློག་བརྙན་ཞིག་བཟོ་འདོད་ཡོད་སྐོར་དང་། དེས་རྒྱལ་ཁབ་གཉིས་བར་འབྲེལ་ལམ་ཡང་ཡག་ཏུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག

སྤྱིར་རྒྱ་ནག་དེ་རྒྱལ་སྤྱིའི་ནང་གློག་བརྙན་གྱི་ཁྲོམ་ར་ཆེ་ཤོས་གྲས་ཡིན་པས། ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་པོས་གློག་བརྙན་བཟོ་སྐབས། གློག་བརྙན་དེ་རྒྱ་ནག་གི་ཁྲོམ་ར་སླེབས་ཐབས་དང་། རྒྱ་ནག་གཞུང་གི་སྲིད་ཇུས་ལ་བརྩི་བཀུར། དེ་བཞིན་སྐབས་རེ་རྒྱ་ནག་གི་འཁྲབ་སྟོན་མི་སྣ་གློག་བརྙན་ནང་འཁྲབ་ཏུ་བཅུག་པ་སོགས་བྱེད་ཀྱི་ཡོད་པ་རེད།

ལོ་སྔོན་མར་ཡང་རྒྱ་གར་གྱི་གློག་བརྙན་ཌན་གྷལ་ཞེས་པ་དེས། ཧིན་སྒོར་ས་ཡ་ཁྲི་གཅིག་དང་གཅིག་སྟོང་བརྒལ་བ་བསགས་ཐུབ་ནས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་བསྟོད་བསྔགས་ཀྱང་བྱས་ཡོད་ཁར། རྒྱ་ནག་ནང་གི་སློབ་གྲྭ་མང་པོ་ཞིག་གིས་ཕ་མར་ཕྲུ་གུ་ཚོ་སེམས་འགུལ་ཐེབས་ཆེད་གློག་བརྙན་དེ་སྟོན་དགོས་པའི་སྐུལ་མ་ཡང་བྱས་ཡོད་འདུག

བོད་དོན་རྒྱབ་སྐྱོར་བའམ་༧གོང་ས་མཆོག་དང་མཇལ་འཕྲད་གནང་ནས་ཡོངས་གྲགས་བྱེད་མཁན་གློག་བརྙན་འཁྲབ་སྟོན་པ་ཚོ་ཡོད་པའི་གློག་བརྙན་ཞིག རྒྱ་ནག་ནང་སྟོན་པའི་ཆོག་མཆན་རག་ཐབས་མེད་པས། འཁྲབ་སྟོན་པ་དེ་དག་ལ་གློག་བརྙན་འཁྲབ་པའི་གོ་སྐབས་ཀྱང་ཉུང་དུ་འགྲོ་ཡི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།