སྲིད་སྐྱོང་བློ་བཟང་སེངྒེའི་ཕྱོགས་བསྐྱོད་དང་རྒྱ་ནག་གི་ཁོང་ཁྲོ།

ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་གིས་དུས་ཡུན་རིང་པོར་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་དང་། སྲིད་སྐྱོང་བློ་བཟང་སེང་གེ་ཕྱོགས་བསྐྱོད་ཡོང་འཇུག་པ་གཉིས་རྒྱབ་འགལ་དུ་སོང་བ་ཞིག་ཡིན་སྐོར་སོགས་བརྗོད་ནས། རྒྱ་ནག་གཞུང་གིས་ལྷོ་ཨ་ཧྥི་རི་ཀར་ངོ་རྒོལ་ཤུགས་དྲག་བྱས་འདུག

ཟླ་འདིའི་ཕྱི་ཚེས་༩ ཉིན་ལྷོ་ཨ་ཧྥི་རི་ཀའི་བརྒྱུད་ལམ་(Daily Maverick)ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཨ་ཧྥི་རི་ཀའི་རྒྱལ་ས་ཧྥི་ཊོ་རི་ཡར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གིས་ཟླ་འདིའི་ཕྱི་ཚེས་༨ ཉིན་ངོ་རྒོལ་གྱི་བསྒྲགས་གཏམ་ཞིག་སྤེལ་ནས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལུང་པ་དེར་ཕྱོགས་བསྐྱོད་ལ་ཡོང་བ་དེས། ལྷོ་ཨ་ཧྥི་རི་ཀ་དང་རྒྱ་ནག་གཉིས་བར་གྱི་ཆབ་སྲིད་ཀྱི་ཡིད་ཆེས་ལ་གཏོར་སྐྱོན་བཏང་ཡོད་ཁར། ཡུལ་དེར་རྒྱ་ནག་གི་ཚོང་ལས་མ་འཛུགས་བྱེད་རྒྱུའི་སེམས་ཤུགས་བཅག་ཡོད་སྐོར་དང་། སྲིད་སྐྱོང་བློ་བཟང་སེང་གེ་ལྷོ་ཨ་ཧྥི་རི་ཀར་ཕྱོགས་བསྐྱོད་ཡོང་བཅུག་པ་ནི་དུས་ཡུན་རིང་པོར་རྒྱ་ནག་གཅིག་གི་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པའི་ཡུལ་དེའི་སྲིད་གཞུང་གི་ཁས་ལེན་དང་རྒྱབ་འགལ་དུ་སོང་བ་ཞིག་ཡིན་སྐོར་བཅས་བརྗོད་ནས་ངོ་རྒོལ་ཤུགས་དྲག་བྱས་འདུག

དེ་ཡང་ངོ་རྒོལ་གྱི་བསྒྲགས་གཏམ་ནང་། སྲིད་སྐྱོང་བློ་བཟང་སེངྒེ་ལྷོ་ཨ་ཧྥི་རི་ཀར་ཕྱོགས་བསྐྱོད་དུ་ཡོང་བཅུག་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཆབ་སྲིད་ཀྱི་བརྡ་ལན་ནོར་བ་ཞིག་བཏང་ཡོད་པ་དང་། རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀ་གཉིས་ཕན་ཚུན་གྱི་ཡིད་ཆེས་གཏོར་བཤིག་བཏང་ཡོད་པ། ཕྱོགས་གཉིས་བར་གྱི་འབྲེལ་ལམ་ལ་བརྟེན་ནས་བྱུང་བའི་ཐུན་མོང་གི་ཁེ་ཕན་ལ་གནོད་སྐྱོན་བཟོས་ཡོད་པ། ལྷོ་ཨ་ཧྥི་རི་ཀའི་ནང་མ་འཛུགས་བྱེད་མཁན་གྱི་རྒྱ་ནག་གི་ཁེ་ལས་པ་རྣམས་ཀྱི་གདེང་ཚོད་ཉམས་དམས་བཏང་ཡོད་པ། ལྷོ་ཨ་ཧྥི་རི་ཀས་དབུལ་ཕོངས་ཉུང་དུ་གཏོང་རྒྱུའི་འབད་བརྩོན་ལ་གཏོར་བཤིག་ཐེབས་ཡོད་པ། ལྷོ་ཨ་ཧྥི་རི་ཀ་གཞུང་མང་གཉིས་ཀྱི་ཁེ་ཕན་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་བཅས་བསྒྲགས་ནས་ངོ་རྒོལ་དང་སྡིགས་སྐུལ་ཤུགས་ཆེན་པོ་བྱས་ཡོད་འདུག་པ་མ་ཟད། སྲིད་སྐྱོང་བློ་བཟང་སེང་གེས་ལྷོ་ཨ་ཧྥི་རི་ཀ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སྡུག་ཏུ་གཏོང་རྒྱུའི་ཀུན་སློང་གི་ཐོག་ནས་ཨ་རིའི་ཕྱི་བསྐྱོད་ལག་དེབ་བེད་སྤྱོད་བྱས་ནས་འཇབ་འཛུལ་བྱས་ཡོད་སྐོར་ཡང་བརྗོད་ཡོད་འདུག

རྒྱ་ནག་གཞུང་ཚབ་ཁང་གིས་སྤེལ་བའི་ངོ་རྒོལ་བསྒྲགས་གཏམ་དེར་ལྷོ་ཨ་ཧྥི་རི་ཀའི་སྲིད་གཞུང་ཁོང་ཁྲོ་ལངས་ཡོད་པ་གསལ་པོ་ཡིན་ཡང་། ད་བར་ལན་འདེབས་གང་ཡང་བྱས་མེད་སྐོར་གྱི་གནས་ཚུལ་འདུག་ལ། དེ་བཞིན་རྒྱ་ནག་གིས་ཚིག་ངན་བེད་སྤྱོད་བྱས་ནས་སྡིགས་སྐུལ་བྱས་པར་ལྷོ་ཨ་ཧྥི་རི་ཀའི་གཞུང་འབྲེལ་ལས་བྱེད་རྣམས་ཁོང་ཁྲོ་ལངས་ཀྱི་ཡོད་སྐོར་འདུག གཞུང་འབྲེལ་ལས་བྱེད་ཁག་ཅིག་གིས་སྲིད་སྐྱོང་བློ་བཟང་སེང་གེ་ཨ་རིའི་ཕྱི་བསྐྱོད་ལག་དེབ་ཀྱི་ཐོག་ནས་ཕྱོགས་བསྐྱོད་དུ་ཡོང་ཡོད་སྟབས་བཀག་འགོག་བྱེད་ཐབས་མེད་སྐོར་བརྗོད་ཡོད་འདུག་པ་དང་། ཨ་རིའི་ཕྱི་བསྐྱོད་ལག་དེབ་ཡོད་ན་ལྷོ་ཨ་ཧྥི་རི་ཀར་འགྲོ་རྒྱུར་མཐོང་མཆན་ཞུ་དགོས་ཀྱི་མེད་པ་རེད་འདུག

སྲིད་སྐྱོང་བློ་བཟང་སེང་གེར་(Daily Maverick)ཞེས་པའི་གསར་ཁང་གིས་ཕྱོགས་བསྐྱོད་དང་འབྲེལ་བའི་ཐོག་ནས་བཅར་འདྲི་ཞིག་བྱས་པར་ལན་འདེབས་སུ། “འཛམ་གླིང་གང་སར་ཡོད་པའི་ལྷོ་ཨ་ཧྥི་རི་ཀའི་གྲོགས་པོ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རོགས་སྐྱོར་བཅས་ལ་བརྟེན་ནས་ལྷོ་ཨ་ཧྥི་རི་ཀ་མང་གཙོ་ཆགས་ཐུབ་ཡོད་པ་རེད། ང་འདིར་ཡོང་བ་ཡང་ང་ལ་ཁྱེད་རང་ཚོའི་རྒྱབ་སྐྱོར་དགོས་སྟབས་ཡོང་བ་ཡིན་”ཞེས་བརྗོད་ཡོད་འདུག་ཅིང་། ཟླ་འདིའི་ཕྱི་ཚེས་༨ ཉིན་ལྷོ་ཨ་ཧྥི་རི་ཀའི་གྲོང་ཁྱེར་ཀེབ་ཊའོན་(Cape Town)ནང་རྟེན་གཞི་བྱས་པའི་ཨུ་བྷུན་ཊུ་ལུས་སེམས་བདེ་ཐབས་ཀྱི་བསྟི་གནས་ཁང་དུ་སྲིད་སྐྱོང་ཕེབས་ཏེ་ཞི་བདེའི་མེ་ལྕེའི་གོམ་བགྲོད་ལས་འགུལ་དབུ་འཛུགས་གནང་ཡོད་འདུག་པ་དང་། བོད་མི་རྣམས་ཀྱིས་མེ་ལྕེ་ལག་ཏུ་ཐོགས་ནས་བོད་དོན་ཆེད་ཞི་བའི་གོམ་བགྲོད་བྱས་ཡོད་འདུག སྐབས་དེར་ ལྷོ་ཨ་ཕི་རི་ཀ་ཨིན་ཁ་ཐ་རང་དབང་ཆབ་སྲིད་ཚོགས་པའི་ ཚོགས་གཙོ་རྒྱལ་སྲས་མོན་གྷོ་སུ་ཐེ་བྷུ་ཐེ་ལེ་ཛི་ཡང་ཕེབས་ཡོད་འདུག  མེ་ལྕེའི་ལས་འགུལ་དབུ་འཛུགས་གནང་མཁན་ནི་ཡུལ་དེའི་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཨཱ་ཡན་མེག་ཧྥར་ལེན་(Ian MacFarlane)གྱི་གཞུང་འབྲེལ་མིན་པའི་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(SA Friends of Tibet)ཞེས་པ་དེ་ཡིན་འདུག

འདས་པའི་ལོ་ངོ་དགུའི་རིང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྷོ་ཨ་ཧྥི་རི་ཀར་ཐེངས་གསུམ་ལ་ཕེབས་འཆར་གནང་ཡོད་འདུག་ཀྱང་། རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་མཐོང་མཆན་མ་ཕུལ་སྟབས་ཕེབས་ཐུབ་མེད་འདུག །

གསར་འགོད་པ་བཀྲ་ཤིས་དོན་གྲུབ།