ཀ་རྩོམ་བེ་འབའ་མ།
འབའ་པ་སྐལ་བཟང་འཕྲིན་ལས།
ཏ་ལིས་གསུངས་པའི་བཟང་སྤྱོད་མཐའ་བསྡོམས་ན།།
ཐ་མལ་བློ་ལས་འགོངས་པའི་རྟེན་འབྱུང་ཉིད།།
ད་ནས་སྐྱོར་ལས་ལག་ཏུ་བླང་བདེ་བའི།།
ན་བཟའ་ཇི་བཞིན་མིན་པའི་ངེས་པ་རྙེད།།
བེ་རི་དཔལ་ལྡན་རྣམ་རྒྱལ།
པ་ལོ་རྩད་ནས་བཅད་པའི་གྲྭ་རྐྱང་གིས།།
ཕ་རོལ་ཕྱིན་པའི་ལམ་བཟང་རྒྱབ་བསྐྱུར་ནས།།
བ་གླང་ཇི་བཞིན་དབུ་མའི་ཇུས་ངན་ལ།།
མ་རབས་ཡིན་ཡང་འདོད་པ་ནམ་ཡང་མེད།།
འབའ་པ་སྐལ་བཟང་འཕྲིན་ལས།
ཙ་ཙིག་སྲིད་དང་སྟོན་པའི་དམ་ཆོས་གཉིས།།
ཚ་གྲང་བཞིན་དུ་ཁག་ཁག་ཡིན་ཟེར་ཡང་།།
ཛ་ལངས་དགྲ་བོ་འདུལ་ཆེད་འདི་གཉིས་བསྲེས།།
ཝ་ནས་ལུག་བར་སྤྱང་བླུན་ཀུན་གྱིས་ཤེས།།
བེ་རི་དཔལ་ལྡན་རྣམ་རྒྱལ།
ཞ་སེར་བསྣམས་ནས་གསེར་ཁྲི་དམིགས་ཡུལ་གཟུང་།།
ཟ་བཏུང་ཆེད་དུ་ཚོགས་དང་ཞབས་བརྟན་འགྲིམས།།
འ་ཅག་གངས་ཅན་བོད་ཀྱི་དགེ་འདུན་ཚོས།།
ཡ་གི་བསྟན་དོན་ཐུགས་ལ་ཨེ་བཟུང་ལགས།།
འབའ་པ་སྐལ་བཟང་འཕྲིན་ལས།
ར་ས་ཡུལ་ནས་གྱོད་ཁམ་གཡོལ་བའི་ཆེད།།
ལ་ཆེན་བརྒལ་ནས་གཞན་ཡུལ་ལོ་རྒྱུས་རྩོམ།།
ཤ་ཟ་མི་གོས་གྱོན་པའི་མགོ་རིལ་རྣམས།།
ས་ཆེན་མཛེས་པའི་རྒྱན་དུ་ཇི་ལྟར་འགྱུར།།
བེ་རི་དཔལ་ལྡན་རྣམ་རྒྱལ།
ཧ་ཅང་རྙོག་འཛིང་ཆེ་བའི་སྲིད་དོན་ལ།།
ཧ་ཤང་ཁོ་བོ་འདོད་མོས་གཏན་ནས་མེད།།
འབའ་པ་སྐལ་བཟང་འཕྲིན་ལས།
ཨ་ཅང་བརྗོད་མེད་ཤར་བསྐྱོད་བྱས་ཚུལ་དེ།།
ཨ་རིའི་དམངས་གཙོའི་ལུགས་དང་རྒྱབ་འགལ་ཡིན།།
༢༠༡༠།༠༦།༡༣ཉིན་སེར་བྱེས་དཔེ་མཛོད་ཁང་དུ་མཁས་པའི་ཟབ་སྦྱོང་ཚོགས་ཆེན་གྱི་སྐབས་དྲི་ལན་ཉོབ་པོ་ཞིག་གི་དུས་སུ་ཚོགས་ཁང་དུ་ཐོལ་བྱུང་དུ་བྲིས་སོ།།