ཆབ་དུས་ཀྱི་ཞོགས་པ་དེར་ཡང།ཕ་ས་དྲན་ནས་བསྡད་ཡོད།

དེ་ ནས་ངས་འོ་མ་ཤེལ་ཕོར་གང་དང་བག་ལེབ་གཅིག་སྟེབས་རྩིས་བརྒྱབ་ནས་ཟོས་པ་ཡིན།་ཟས་ ཟ་གིན་སྒེར་གྱི་སེམས་ནང་གངས་སྐྱིད་ཉེ་འཁོར་དུ་གཞན་མང་པོས་འགྲན་ནུས་མེད་པར་ རློམ་བཞིན་པའི་ངའི་སྒེའུ་ཁུང་ཕྱིའི་མཛེས་ལྗོངས་ལ་བལྟ་སྐབས།་ཡུན་ཏོག་ཙམ་ནས་ རླུང་ཤུགས་ཇི་ཙམ་ལྡང་ཡང་གཏོར་མ་ཐུབ་པའི་ཆབ་འབྲུ་ཐོར་བྱུང་འགའ་ས་གཞིར་ལྷུང་ བ་དུས་མཚུངས་སུ་གནམ་ནས་ས་ལ་མ་ཐུག་བར་གྱི་རི་གཤམ་ནས་ཆབ་ཕྲིང་དེ་དག་ཀྱང་བང་ རིམ་བསྒྲིག་ནས་ཤར་ནས་ནུབ་ཏུ་བསྐྱོད་སྟངས་ལ་བལྟས་ཚེ།་སླར་ཡང་གཡུལ་འཐབ་ཀྱི་ བཀོད་ཇུས་འོག་ནས་ཐར་ལམ་མེད་པའི་དམག་དཔུང་ཚིགས་ཤིག་དང་འདྲ།་ལྷག་རླུང་ལྡང་ ཤུགས་དྲག་ནས་ལྕང་ལོ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་ཐད་ཀར་ལྡེམ་ལྡེམ་ འཁྱུག་འཁྱུག་བྱེད་རྒྱུ་མང་རུ་འགྲོ་སྟངས་དེ་ནི་བོད་མི་ངོ་ཡག་བཏོན་མཁས་གཅིག་ གིས་གང་ཐུབ་ཀྱིས་གཞན་ལ་མགོ་བོ་ཞུམ་ཞུམ་ཧུར་གྱིས་སྒུར་བཞིན་པ་ལྟར་རེད།་ཆབ་ རླུང་འུར་དྲག་པའི་རྐྱེན་གྱིས་ལྡོང་ལོ་རྩེ་མོར་བརྟེན་གཞི་ཚུགས་ཐབས་མ་བྱུང་ བའི་ལྕང་ལོ་སེར་པོ་དང་སྔོན་མོ་གཞན་འགའ་དང་མཉམ་དུ་གང་མགྱོངས་ས་གཞི་ཨ་མའི་ལམ་ དུ་ལྷུང་སོང།་དེང་སང་རྡ་སའི་གནམ་གཤིས་ཀྱང་སྐར་མ་འགའི་རིང་དུ་འགྱུར་འབག་ རྒོད་པོ་ཡོད།་ད་ལྟའི་ཆར་ནི་ཚ་དྲོད་ཀྱི་མཐོ་རླབས་འཕྱུར་བཞིན་པའི་དུས་ཡིན་ རུང།་འཇིག་རྟེན་གྱི་འབྱུང་བར་འཁྲུག་གཞི་ཆེ་བས་སྐར་མ་འགའི་ནང་དྲག་ཆབ་གཏོར་ བའང་མི་སྲིད་པ་ཞིག་མིན།་

རླུང་ བུས་ཁང་བདག་ཚང་གི་བརྟེན་པོ་མེད་པའི་ཁང་པའི་སྒོའི་བཙིར་སྒྲ་དང་སྦྲགས་ཆབ་ རླུང་གིས་ལྕང་ལོ་གཡོས་པའི་སྐབས་སུ་།་ངའི་སེམས་ནང་ཚ་དྲོད་ལ་བཟོད་ཐབས་དཀའ་ བའི་དེ་རིང་ནས་བཟུང་ཆབ་དུས་ཀྱི་ཐོག་མ་དེ་ཡིན་པར་སྨོན་བཞིན་ང་རང་ཨུ་ཚུགས་ ཀྱིས་མཛེས་ལྗོངས་ལ་ལྟ་གྱིན་ཕ་ཡུལ་དྲན་གདུང་གི་རླབས་ཕྲིང་འཕྱུར་འོང་བའི་རྣམ་ པ་དེའང་ལམ་སེང་རང་སེམས་ཀྱིས་ཚོར་བྱུང་ངམ་ཤུགས་ཀྱིས་མ་ནོན་པའི་རྒྱུན་ལྡན་ གྱི་གོ་རིམ་དེའི་ཀློང་དུ་ཐིམས་སོང།་ཕྱི་དྲན་ཅུང་ཙམ་གྱི་ལམ་དུ་ཆས་དུས།་ང་རང་ ནི་ཚ་བ་ལ་ཞེད་པ་ལས་གྲང་ངར་ལ་དགའ་མཁན་ཞིག་རེད།་གང་ཡིན་ཟེར་ན།་ཆུང་ནས་ད་ལྟའི་ བར་གྲང་ངར་དང་ཁ་བ་དཀར་པོའི་ཁྲོད་ཀྱི་སྣང་བ་དེ་ལ་ཤིན་ཏུ་དགའ་བའི་རང་གཤིས་ སྔར་ནས་གྲུབ་ཚར་འདུག་་ངའི་སེམས་ནང་རྒྱུན་བརྟེན་ལྟར་དུས་འདི་འདྲ་ཞིག་ལ་ང་རང་ ཕ་ཡུལ་ཡོད་གྱུར་ན།་ངས་འོ་ཇ་ཚ་པོ་ཕོར་གང་བརྩེ་ཆེན་གྱི་ཨ་མའི་མདུན་སར་དྲངས་ ཡོད་ཤེས་ཆེ་ལ།་ཡང་ན་གཅེན་པོ་ཁོང་ཉལ་ས་ནས་སྣ་བཙིར་ཏེ་ཁོང་ལ་བཙན་གྱིས་སྔ་ཙམ་ ལངས་བརྡ་སྤྲད་པ་དང།་དེ་མིན་ཉོབས་སྣང་འདྲ་བྱུང་ཚེ་གཅེན་མོའི་ཉལ་ཁང་དུ་ཁོང་ མོ་དང་མཉམ་དུ་མལ་སར་ཤབ་ཤུབ་ཀྱིས་སེམས་གཏམ་གླེང་བའང་སྲིད་སོགས་སྣ་ཚོགས་དྲན་ གདུང་གིས་མནར་གཅོད་གཏོང་དུས།་སེམས་བཞིན་བསམ་ན་སྐྱོ་གདུང་གི་མཆི་མ་འགོག་མ་ ཐུབ་པའི་སྐབས་དེར་སུ་ཞིག་གིས་སྒོ་ཕྱེས་པའི་སྒྲ་དེས་ང་རང་ཕྱི་དྲན་གྱི་སྐྱོ་ གདུང་གི་ཀློང་ནས་སད་ཅིང།་སླར་ཡང་ལས་ཁང་དུ་ཉིན་གཅིག་གི་གོམས་ཁར་བསྒྱུར་འགོ་ འཚུགས་པ་ཡིན།་