སྒོར་མོ།
སྤྲང་པོ་རྣམས་ཀྱི་ཉམ་ཐག་པའི་རྣམ་འགྱུར་གྱིས་ཁྱོད་རང་ལེན།
ད་དུང་ག་ལ་ཚད། གཞོན་ནུ་མས་ཁྱོད་ཀྱི་ཆེད་དུ་གཅེར་བའི་ལུས་ཀྱང་བཙོང༌།
ཕོ་གཞོན་མང་པོ་ཁྱོད་ཀྱི་ཆེད་དུ་བཙོན་ལ་ཚུད།
ཕྱུག་བདག་ལ་མང་དྲགས་པའི་ཁྲག་རླུང་རྒྱས།
མཚན་མོའི་གཉིད་ལ་རྫས་སྦྱོར་སྨན་རྣམས་གྲོགས་སུ་བཀུག།
སྤྲང་པོ་རྣམས་ལ་ཁྱོད་རང་མེད་པའི་ཕོ་བ་རྒྱག་དུས་ཉིན་གཅིག་མེད།
ཉམ་ཐག་མི་ལ་དྲང་བདེན་ཡོད་ཀྱང་བཤད་སའི་དཔོན་པོ་དེ་ལ་དབེན།
ཨེ་མ། ཁྱོད་ནི་ཤོག་ལྷེབ་སྲབ་མོ་ཞིག་ཡིན་ཡང༌།
དེ་འདྲའི་སྟོབས་ཤུགས་ཆེ་ལ།
དེ་འདྲའི་རིན་ཐང་ཆེ།
ཁྱོད་མེད་ན་ཟ་བའི་ལྟོ་མེད།
ཁྱོད་མེད་ན་གནས་པའི་ཁྱིམ་མེད།
ཁྱོད་མེད་ན་དགའ་བའི་གྲོགས་མེད་ལ།
ཁྱོད་མེད་ན་བརྩེ་བའི་སྤུན་ཡང་བྲལ།
ངོ་མ་ནུས་པ་ཆེ། ཁྱོད་ཡོད་ན་མི་སྡིག་ཀྱང་ཀུན་གྱི་གུས།
ཁྱོད་ཡོད་ན་བྱུས་ངན་ཡང་ཀུན་གྱིས་བསྔགས།
ཁྱོད་ཡོད་ན་རིགས་ངན་ཡང་མཆོག་ཏུ་བརྩིས།
ཁྱོད་ཡོད་ན་ལོ་རྒས་ཀྱང་གཞོན་མ་ཐོབ།
ཁྱོད་ཡོད་ན་རྒྱལ་ཁྲིམས་ལག་ཏུ་ཡོད། ད་དུང་མང་་་་་་་་་་་ངོ་མར་མང༌།
ཀུན་དགའ་དོན་འགྲུབ་ཅེས་པའི་མིང་དོན་མཚུངས།
ཧ་ཧ། ཁྱོད་མ་རབས་ཀྱང་ཚར།
ཕྱུག་བདག་རྣམས་ལ་དགའ་གཉེན་སྤུན་མཆེད་དཀོན་པ་དང༌།
མི་ཉུང་བ་ཞིག་ལ་གྲོང་པའི་ཁྱིམ་འཚེར་ཡང་མེད་པར་བཟོས།
བསེ་རུ་ལྟ་བུ་གཅིག་བུར་འཇོག་བ་དེ། ངོ་མ་ཀྱག་ཀྱག་ཆེ།
ཅི་ཡིན་རུང༌། སྒོར་མོ་མེད་ན་ག་ལ་འགྲིག།
ཐམས་ཅདསྒོར་མོའི་རྗེས་སུ་རྒྱུགས།
ཉིན་མཚན་དབྱེར་མེད་རྒྱུག །
ཁྲེལ་དང་ངོ་ཚ་སྤོངས།
ཤོག་སྒོར་བསྙེགས་ནས་རྒྱུགས།
ཡུལ་མེད་ཀྱང་སྒོར་མོ་ཡོད་ན་དེ་གས་འགྲིག།
དེ་བའི་ག་ལ་ཚད། དུས་རབས་ཅན་གྱི་གཤིན་རྗེ་དང༌།
དུས་རབས་ཅན་གྱི་སངས་རྒྱས་ཀྱང་ཁྱོད་ཉིད་ཏེ།
དཔེ་ན། མི་སྲོག་འཕྲོག་པའི་དབང་ཆ་ཁྱོད་ལ་ཡོད།
མི་སྲོག་སྐྱབས་པའི་དབང་ཡང་ཁྱོད་ལ་ལྡན།
ངོ་མ་ཡ་མཚན་ཆེ། ཁྱོད་ཡོད་ན་ཆོས་ཚོགས་འཛུགས་ན་དེ་གས་ཆོག།
ཆོས་ཕུག་སྤྲང་ལ་གཏོད་མི་དགོས།
རྟོག་པའི་ཡོན་ཏན་དེ་ནས་འཕེལ།
ད། རྒྱུག་ཡ་རྒྱུགས། ངོ་མ་རྒྱུགས།
སྒོར་མོ་སྙེག་ནས་རྒྱུག།
ང་ཚོ་མཉམ་དུ་རྒྱུག།
མ་ཤི་བར་དུ་རྒྱུག།
ཤི་ཚར་དུས་མཐོང་མཁན་སུ་ཡང་མེད།
གཤིན་རྗེ་རྒྱལ་པོ་ཡོད་མེད་ག་ལ་ཤེས།