ནུས་པ་བཅུས་འདང་མིན་ལ་བསམ་ཞིབ་བྱེད་དགོས།
ཟླ་འདིའི་ཚེས་༡༨ ཉིན་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕེབས་ཡོད་པ་དང་། ཉིན་རྒྱབ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་གདན་ས་དགའ་ལྡན་བླ་སྤྱིའི་ཚོགས་ཁང་དུ་དགེ་འདུན་པ་རྣམས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་སོང། དེ་བཞིན་ཚེས་༡༩ ཉིན་གྱི་ཞོགས་པ་མོན་གྷོ་གཞིས་བྱེས་ཚོགས་ཁང་དུ་མོན་གྷོ་འདོད་རྒུ་གླིང་གཞིས་གྲོང་ཁག་དགུའི་མི་མང་ཕོན་ཆེན་མཉམ་འཛོམས་སར་གོང་གསལ་བརྗོད་གཞིའི་ཐོག་བགྲོ་གླེང་གཏམ་བཤད་དང་མི་མང་གིས་དྲི་བ་དྲིས་ལན་གནང་རྗེས། དབུས་གཙང་ཆོལ་ཁའི་ས་གནས་ཚོགས་གཙོ་ཚེ་དབང་ནོར་བུ་ལགས་ཀྱིས་མོན་གྷོ་འདོད་རྒུ་གླིང་ཆོལ་གསུམ་བོད་མིའི་འཐུས་ཚབ་བྱས་ནས་མཁས་དབང་བློ་བཟང་སེང་གེ་མཆོག་གིས་འབྱུང་འགྱུར་བོད་མིའི་རྩ་དོན་རྩོད་ལེན་བྱེད་ཕྱོགས་སྐོར་ལ་རྒྱ་ཆེ་གཏིང་ཟབ་པའིབཀའ་སློབ་ལམ་སྟོན་གནང་བ་ལ་ལེགས་གསོའི་བསྔགས་བརྗོད་གནང་སོང།
ཉིན་རྒྱབ་དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་ཆེན་མོར་དགེ་འདུན་འདུས་མང་མཉམ་འཚོག་སར་ཁོང་གིས། ནུས་པ་བཅུ་ཞེས་པའི་བརྗོད་གཞི་རེེ་རེ་བཞིན་འགྲེལ་བརྗོད་གནང་རྗེས། ང་ཚོའི་རྩ་དོན་རྩོད་པའི་སྐབས་ལ་ནུས་པ་གང་འདྲ་ཞིག་གིས་མ་འདངས་བ་དང་། དེ་རྒྱུ་མཚན་ཅི་ཕྱིར་ཡིན་པ། ལྷག་པར་རྒྱལ་སྤྱིའི་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་དེ་དང་འཚམས་པའི་སྒོ་ནས་རྩོད་ལེན་དགོས་སྐོར་དང། གལ་སྲིད་ཡུལ་དུས་ཀྱི་གོ་སྐབས་ཤིག་ང་ཚོར་འཕྲད་ན་དེའི་སྐབས་ནུས་པས་འདངས་དགོས་པ་རེད། ནུས་པ་བཅུས་འདང་མིན་ལ་ད་ལྟ་ནས་བསམ་གཞིག་དགོས་པ་དང། ལྷག་པར་དུ་ང་ཚོ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་དང་པོ་ཆིག་སྒྲིལ་གྱི་ནུས་པ་གཞིར་བཞག་གི་ཐོག་ལ། ༧གོང་ས་མཆོག་གིས་ནམ་རྒྱུན་གསུང་བཞིན་པའི་འདབ་གཤོག་གཉིས་ལྡན་གྱི་སློབ་སྦྱོང་ཚད་ལྡན་རག་ཐབས་ལ་འབད་བརྩོན་ཤུགས་སྣོན་བྱེད་དགོས་སྐོར་གྱི་ལམ་སྟོན་གསུང་བཤད་གནང་སོང་། དེ་བཞིན་ཚེས་༢༠ ཉིན་གྱི་ཞོགས་པ་དགའ་ལྡན་ཤར་རྩེ་སློབ་གྲྭའི་གོ་སྒྲིག་འོག་མོན་གྷོ་ས་གནས་སློབ་གྲྭ་ཁག་ནས་སློབ་ཕྲུག་ཕོ་མོ་ཡོངས་དགའ་ཤར་འདུ་ཁང་ནང་དུ་མཉམ་མཛོམས་ཐོག་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་ཉམས་མྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། སློབ་ཕྲུག་ཚོའི་ཕུགས་རྒྱང་རིང་པོའི་མ་འོངས་མདུན་ལམ་ལ་སྤོབས་པ་དགོས་པ་དང། དེ་བཞིན་མིང་དོན་མཚུངས་པའི་ཤེས་ཡོན་པ་ཞིག་བྱེད་དགོས་ན་ཁ་ཕྱོགས་ཅི་ཞིག་གི་ཐོག་སློབ་སྤྱོང་ཇི་ལྟར་བྱེད་དགོས་མིན་དང། མ་འོངས་བོད་ཀྱི་སོན་རྩ་རྣལ་མ་ཞིག་སྐྱོང་ཐབས་བཅས་ཀྱི་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་བྱས་ཡོད་པ་རེད། ཚེས་༢༢ ཉིན་ཕྱིར་ཕེབས་གནང་ཡོད་པ་རེད་འདུག ། མོན་གྷོ་གསར་འགོད་པས།