ངས་བཀའ་ཁྲི་འདི་འདྲ་ཞིག་འཚོལ་གྱི་ཡོད།

དེང་སྐབས་མི་མང་པོ་ཞིག་གིས་མ་འོངས་པའི་བཀའ་ཁྲིའི་འོས་ཆོས་སྐོར་ལ་གླེང་སློང་མང་པོ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་ད་དུང་མང་པོ་ཞིག་གིས་ང་ཚོ་ལ་བཀའ་ཁྲི་ག་འདྲ་ཞིག་དགོས་མིན་གྱི་གནད་དོན་ངོ་མ་དེ་གླེང་ཐུབ་ཀྱི་མེད་པའི་བསམ་ཚུལ་བྱུང་། སྤྱིར་བཏང་བཀའ་བློན་ཁྲི་བའི་འོས་ཆོས་དེ་བཅའ་ཁྲིམས་ཀྱི་གཏན་ལ་བབ་པའི་དགོངས་དོན་ལས་ཆད་ལྷག་གང་ཡང་དགོས་ཀྱི་མེད་ན་ཡང་། ང་ཚོས་དེ་ལས་གནད་དོན་གཞན་ཞིག་གླིང་གི་ཡོད་པ་ནི། ལྷག་བསམ་དང་། ཤེས་ཡོན། འཇོན་ཐེངས། ཉམས་མྱོང་ཡོད་མེད། རྒན་གཞོན་དང་བུད་མེད་སུ་ཡིན་མིན་སྐོར་གླེང་གི་འདུག་ལ། གནད་དོན་འདི་དག་གླེང་པ་ལ་རྒྱུ་མཚན་མེད་པ་མ་ཡིན་མོད། གནད་དོན་དེ་ལས་གཞན་ཞིག་གི་ཐོག་ལ་ཡང་ངེས་པར་ལྟ་དགོས་ཀྱི་འདུག་སྙམས། དེ་ཡང་དང་པོ་བོད་ཀྱི་རྩ་དོན་ཐོག་འཛིན་པའི་ལྟ་ཚུལ་རེད། བཙན་བྱོལ་བོད་མི་རྣམས་ཀྱིས་བོད་ཀྱི་རྩ་དོན་ཐོག་བཟུང་བའི་བསམ་ཚུལ་དང་ལང་ཕྱོགས་ལ་ལམ་དབུ་མ་དང་རང་བཙན་ལས་མེད་པ་གཏན་ནས་མིན། གནད་འགག་ཆེས་ཤོས་ནི་ད་ལྟའི་སྐབས་ཀྱི་དབུ་མའི་ལམ་ནས་རྒྱ་ནག་དང་འབྲེལ་མོལ་བྱེད་པའི་སྐབས་ཀྱི་རྩ་དོན་གྱི་ཐོག་ལ་བཀའ་ཟུར་དང་བཀའ་ཤག་གིས་བཟུང་བའི་ལང་ཕྱོགས་མི་འདྲ་བ་འདི་ཡིན་པར་འདོད། ང་ཚོས་ཤེས་གསལ་ལྟར་བྱས་ན། འདས་པའི་མི་ལོ་ལྔ་བཅུའི་ནང་རང་བཙན་དང་དབུ་མའི་ལང་ཕྱོགས་གཉིས་ཀྱི་བགྲོ་གླེང་ག་འདྲ་བྱུང་ཡོད་ན་ཡང་། སྐབས་བཅུ་བཞི་བའི་གྲོས་ཚོགས་ཚོགས་དུས་དགུ་པའི་སྐབས་ཀྱི་ཉན་ཞིབ་ཚོགས་འདུ་ལྟ་བུ་བྱུང་མ་མྱོང་པ་རེད། གནད་དོན་འདི་ཐོག་ནས་ང་ཚོས་མ་འོངས་པའི་བཀའ་ཁྲི་དེ་ཡང་ལང་ཕྱོགས་འདི་གཉིས་གང་གི་ཕྱོགས་སུ་ཡོད་པ་ཞིག་འདེམས་དགོས་མིན་ལ་བསམ་བློ་གཏོང་དགོས་པར་འདོད། གཉིས་པ་རྒྱལ་སྤྱིའི་ཆེ་མཐོང་དང་གནས་ཚད་ལྡན་པའི་ཤེས་ཡོན་པ་དགོས་རྒྱུ། སྤྱིར་བཏང་མི་རིགས་སུ་འདྲ་ཞིག་ཡིན་ན་སོ་སོའི་རིག་གཞུང་གི་ཤེས་ཚད་མཐོང་རྒྱ་ཐོས་རྒྱ་ཡོད་ན་སོ་སོ་ལ་དེའི་མི་ཆོག་མེད་ན་ཡང་། དུས་རབས་འདིའི་ནང་དུ་རིག་གནས་དང་ཤེས་ཡོན་གྱི་ཁ་འཛམ་གླིང་སྤྱི་ལ་ཕྱོགས་ནས་རྒྱལ་སྤྱིའི་སྲིད་འབྱོར་རིག་གསུམ་གྱི་གནས་ཚད་ལྡན་དགོས་པ་དང་། ལྷག་པར་རང་རེ་ལྟ་བུའི་རང་དབང་འཐབ་རྩོད་པ་ཞིག་གི་འགོ་ཁྲིད་ནི་ངེས་པར་དུ་རྒྱལ་སྤྱིའི་ནང་ཕྱོགས་ཡོངས་ཀྱི་གནས་ཚུལ་ལ་མཁྱེན་རྒྱ་ཡོད་དགོས་པས་མ་ཚད། དྲང་བདེན་དང་ཁྲིམས་མཐུན་གྱི་ལམ་ནས་རྩ་དོན་རྩོད་ལེན་པ་ཞིག་གི་ངོས་ནས་བལྟས་ན་རྒྱལ་སྤྱི་ཁྲིམས་ཀྱི་ཤེས་ཚད་ངེས་ཅན་དགོས་པ་དེ་དོན་དངོས་ཀྱི་གནད་འགག་ཞིག་ཏུ་མཐོང་། གསུམ་པ་ནི་ཡུལ་དུས་དགོས་དབང་གིས་བཙན་བྱོན་ནང་གི་མི་རབས་ཤིག་དགོས་པར་འདོད། ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ནས་དུས་རབས་ཕྱེད་ཏག་ཏག་རྫོགས་ཟིན་ན་ཡང་། རྒྱ་ནག་གིས་༸གོང་ས་མཆོག་དང་ཁོང་གི་རྗེས་འབྲང་བ་མི་ཉུང་ཤོས་ཤིག་གི་རྙོག་དྲ་ཡིན་པ་དང་། དེ་ཡང་ཁོང་ཚོ་ཁག་ཅིག་གི་སྐུ་ཚེའི་ཡུན་ཚད་ཙམ་གྱི་གནས་སྐབས་སུ་བརྩི་བཞིན་ཡོད་པ་རེད། གནད་དོན་འདིའི་ཐད་ལ་ང་ཚོས་བོད་ཀྱི་རྩ་དོན་ནི་བོད་མི་རིགས་དང་རྒྱལ་ཁབ་ཞིག་གི་གནད་དོན་ཡིན་པ་དང་། ཡུལ་གྱར་བའི་གནས་བབ་འདི་ཡང་རྩ་དོན་མ་འགྲུབ་བར་དུ་རྐང་ཚུག་སྲ་བརྟན་གྱིས་གནས་རྒྱུ་ཡིན་པ་ལྟོན་དགོས་པར་བརྟེན། བཙན་བྱོལ་ནང་ནས་སྐྱེས་པའི་མི་རབས། རྒྱལ་སྤྱིའི་ཚད་ལྡན་མི་སྣའི་ཆེ་མཐོང་ཡོད་པ་ཞིག་དགོས་པར་འདོད་ལ། བཞི་པ་ནི་འབྱུང་འགྱུར་ལོ་ངོ་ལྔ་བཅུའི་རྗེས་སུ་ཡང་༸གོང་མཆོག་གི་སྐུ་དངོས་ཀྱི་མདུན་ནས་སྲིད་འབྱོར་རིགས་གསུམ་གྱི་དབང་ལུང་མན་ངག་ལྡན་པའི་བཀའ་ཁྲི་འམ། བཀའ་ཁྲི་ཟུར་པ་སོགས་སློབ་སྟོན་པ་གསོ་སྐྱོང་བྱེད་དགོས་པ་ཡང་གལ་ཆེན་དོན་ཆེན་དུ་མཐོང་། ངས་འདི་ལྟར་བསམ་ཚུལ་ཞིག་བཟུང་ནས་བཀའ་ཁྲི་འཚོལ་གྱི་ཡོད་ལ། དེའི་འདྲའི་དགོས་ངེས་ཀྱི་ཆ་རྐྱེན་ལྡན་པའི་མི་སྣ་ཡང་རྙེད་རྒྱུ་ཡོད་པའི་ངེས་ཤེས་ཡོད། ལྷག་པར་དུ་རང་རེ་རྣམས་ཀྱིས་རྒྱལ་ཁབ་ཞིག་དང་། མི་རིགས་ཤིག་གི་བདག་དབང་འཐབ་རྩོད་པའི་སྒྲིགས་འཛུགས་ཤིག་མི་ཡུལ་དུ་བཙུགས་ནས་མི་ལོ་ལྔ་བཅུ་རྫོགས་ཟིན་པའི་དུས་ཚོད་འདིའི་གནས་བབ་འོག་ནས་བལྟས་ན། བཙན་བྱོལ་བོད་མའི་སྒྲིགས་འཛུགས་ཀྱི་འོག་ནས་སྐྱེས་ཤིང་འཚར་བའི་མི་རབས་ཤིག་གིས་བཙན་བྱོལ་བོད་མིའི་སྲིད་གཞུང་གི་འགོ་ཁྲིད་གནང་ཐུབ་པ་བྱེད་དགོས་རྒྱུ་ནི་འདས་དང་མ་འོངས་པའི་མི་རབས་དུ་མའི་རེ་བ་ཞིག་དང་། མདུན་ལམ་ཞིག་ཏུ་བརྩི་དགོས་པའི་བསམ་ཚུལ་ཡོད།