འབྲུག་ཆུ་རྫོང་དུ་ཆུ་ལོག་བྱུང་བར་བཙན་བྱོལ་བོད་པས་བསྔོ་སྨོན།
ཟླ་འདིའི་ཚེས་༩ ཉིན་གྱི་ཕྱི་དྲོར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། མདོ་སྨད་དབུས་རྒྱུན་ལས་ཁང་གི་གོ་སྒྲིག་འོག དྷ་སའི་ཉེ་འཁོར་གྱི་དགོན་སྡེ་ཁག་གི་གྲྭ་བཙུན་དང་། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། དེ་བཞིན་མདོ་སྨད་ཀྱི་སྤྱི་འཐུས་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁག་གཅིག དྷ་སར་གནས་འཁོད་བོད་མི་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་འདུ་འཛོམས་ཀྱིས། ཆུ་ལོག་གི་རྐྱེན་ལམ་དུ་སོང་བ་རྣམས་ལ་བསྔོ་སྨོན་སྐྱབས་འཇུག་གནང་ཡོད་པ་རེད། སྐབས་དེར་འབྲེལ་ཡོད་བསྔོ་སྨོན་གོ་སྒྲིག་པས་འདི་གའི་གསར་འགོད་པར། “ང་ཚོས་བོད་ནང་འབྲེལ་བ་བྱས་ཏེ་གནས་ཚུལ་ཤེས་རྟོགས་བྱས་པས། ད་ལྟའི་སྐབས་མི་གྲངས་༡༠༠ ལྷག་ཙམ་རྐྱེན་ལམ་དུ་སོང་ཡོད་པ་དང། དེའི་ནང་ནས་བོད་མི་ག་ཚོད་ཡོད་མེད་ཤེས་རྟོགས་མ་བྱུང། གང་ལྟར་ས་ཁུལ་དེ་བོད་རིགས་གནས་སྡོད་བྱེད་ས་ཡིན་པ་དང། དེའི་ནང་ནས་རྒྱ་མི་ཡང་གང་འཚམས་ཡོད་པ་རེད་ཅེས་”དང།
“ཆུ་ལོག་བྱུང་དོན་ནི་ལུང་པའི་ཤིང་ནགས་གཅོད་བྲེག་ཚད་ལས་བརྒལ་བ་བྱས་པའི་རྐྱེན་གྱིས་ཡིན་པ་དང། ད་ལྟའི་སྐབས་ས་གནས་དེར་རྒྱ་གཞུང་གིས་ཉེན་སྐྱོབ་པ་གང་བྱུང་གཏོང་གི་མེད་པས། རྒྱ་ནག་རང་གི་བརྒྱུད་ལམ་ཁག་ལ་ཚད་འཛིན་བྱེད་དགོས་པ་ལས། གནས་ཚུལ་ཇི་བཞིན་ཤེས་རྟོགས་བྱེད་རྒྱུ་ཁག་པོ་འདུག ང་ཚོས་དངོས་ཡོད་གནས་ཚུལ་ཤེས་ཆེད་དུ་ཐབས་ཤེས་གཏོང་བཞིན་ཡོད་པས། གལ་སྲིད་བོད་མི་མང་པོ་རྐྱེན་ལམ་དུ་སོང་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་ན། ཟླ་འདིའི་ཚེས་༡༣ ཉིན་བདུན་ཚིགས་དང་པོ་འཁེལ་གྱི་ཡོད་པས། ང་ཚོའི་ངོས་ནས་༧གོང་ས་མཆོག་གདན་ཞུས་ཀྱིས། བསྔོ་སྨོན་གཞི་རྒྱ་ཆེན་པོ་ཞིག་བྱེད་རྒྱུའི་འཆར་གཞི་སྒྲིག་བཞིན་ཡོད་ལ། ཡིན་ནའང་འཆར་གཞི་ལྟར་༧གོང་ས་མཆོག་གདན་ཞུ་ཐུབ་མིན་སོགས། ད་ལྟའི་སྐབས་བཤད་ཁག་པོ་འདུག་”ཅེས་འགྲེལ་བརྗོད་གནང་བྱུང།།
{jcomments on}