འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་བློན་དུ་འདེམས་ཐོན་བྱུང་སོང་།

ཟླ་༣ པའི་ཚེས་༢༡ ཉིན་བོད་མི་སྤྱི་འཐུས་གྲོས་ཚོགས་སྐབས་༡༦ པའི་གྲོས་ཚོགས་ཚོགས་དུས་༥ པའི་ལས་ཉིན་༧ པའི་ཐོག སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འབུམ་རམས་པ་པདྨ་དབྱངས་ཅན་ལགས་བཀའ་བློན་གྱི་འོས་མིར་མིང་འདོན་གནང་ཡོད་པ་དང་། སྤྱི་འཐུས་ཟླ་བ་ཕུན་སྐྱིད་ཀྱིས་དགག་བྱ་གནང་རྗེས། གྲོས་ཚོགས་འཐུས་མི་རྣམ་པས་གསང་བའི་འོས་བསྡུ་བྱས་ཡོད་པ་རེད། འོས་བསྡུའི་གྲུབ་དོན་ལ་བཀའ་བློན་ལ་འོས་པ་གྲངས་༢༦ དང་མི་འོས་པ་གྲངས་༡༥། བར་གནས་༣ བཅས་ཐོན་པས། མང་མོས་ཀྱི་ཐོག་ནས་བཀའ་བློན་དུ་འདེམས་ཐོན་བྱུང་ཡོད་པ་རེད། ཁོང་མོ་ཤེས་རིག་བཀའ་བློན་དུ་བསྐོ་གཞག་གནང་རྒྱུ་ཡིན་འདུག

འབུམ་རམས་པ་པདྨ་དབྱངས་ཅན་ལགས་ཕྱི་ལོ་༡༩༩༣ ལོར་ལྡི་ལི་གཙུག་ལག་སློབ་གཉེར་ཁང་ནས་ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཐོན་གནང་རྗེས། ཕྱི་ལོ་༡༩༩༦ ལོར་མཱ་ཌེ་ར་སིའི་གཙུག་ལག་སློབ་གཉེར་ཁང་ནས་དགེ་རྒན་འོས་སྦྱོང་ཐོན་ནས། སུ་ཇ་བོད་ཁྱིམ་སློབ་གྲྭར་་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་༢༠༠༣ ལོར་ཨ་རིའི་(Iowa)ཨའོ་ཝ་གཙུག་ལག་སློབ་གཉེར་ཁང་ནས་ཤེས་ཡོན་ཐོག་གཙུག་ལག་རབ་འབྱམས་པ་དང་། ཕྱི་ལོ་༢༠༠༩ ལོར་གཙུག་ལག་སློབ་ཁང་དེ་ནས་ཤེས་ཡོན་ཐོག་འབུམ་རམས་པ་ཐོན་གནང་འདུག  ཕྱི་ལོ་༢༠༡༡ ལོར་བཙན་བྱོལ་སློབ་གྲྭའི་དགེ་རྒན་སློབ་གསོ་ཡི་གོང་འཕེལ་ཐོག་ཉམས་ཞིབ་ཀྱི་དཔྱད་རྩོམ་ལ་གཟེངས་སུ་ཐོན་པའི་བྱ་དགའ་ཐོབ་ཡོད་འདུག་པ་དང་། ཕྱི་ལོ་༢༠༠༣ ནས་༢༠༠༩ བར་ཨ་རིའི་གཙུག་ལག་སློབ་གཉེར་ཁང་དེར་སློབ་སྦྱོང་བྱེད་བཞིན་པའི་སྐབས་ཤེས་ཡོན་སློབ་ཚན་དང་འབྲེལ་བའི་ཉམས་ཞིབ་དང་སློབ་ཁྲིད་སྣ་མང་གནང་ཡོད་ཁར། ཕྱི་ལོ་༢༠༠༩ ནས་༢༠༡༦ བར་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་སློབ་དགེ་དང་ཤེས་ཡོན་ཚན་པའི་འགན་འཛིན། སློབ་སྤྱི་གཞོན་པ་བཅས་ཀྱིས་ལས་ཁུར་གནང་ཡོད་པ་རེད་འདུག ད་ལྟའི་ཆར་ཁེ་ན་ཌར་གནས་བཞུགས་ཡིན་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།