རྩོམ་པ་པོ་སྒོ་ཡོན་ལ་བཙོན་འཇུག་མནར་གཅོད།
ཁོང་གིས་སྒོ་ཡོན་ཏན་བཟང་པོའི་གྲོལ་བའི་སྙན་ངག་རྩོམ་བསྡུས། ཅེས་པ་ཞིག་༢༠༠༨་ལོར་བཏོན་གནང་ཡོད་ལ། རྩོམ་ཡིག་དེའང་གང་འགྱོགས་ངོས་སྦྱོར་གནང་འཆར་ཡོད་ཅེས་པའི་ངོ་སྤྲོད་མདོར་བསྡུས་སུ་འཆམ་ར་བས།༽
དེ་རིང་དངོས་སུ་རང་ཉིད་ཀྱི་མིག་གིས་མཐོང་ཞིང་ལུས་ཀྱིས་མྱང་བའི་གནད་དོན་ཞིག་དྲང་ལམ་གྱིས་བཤད་རྒྱུ་ཡིན་ལ། དྲང་གཏམ་འདི་ནི་ཚེ་སྲོག་བདེན་དཔང་དུ་བཞག་ཅིང་འཚོ་ལམ་མདུན་ངོས་སུ་བཤམས་ནས་བརྗོད་རྒྱུ་ཡིན་པ་ལས། སྒྱུ་རྩལ་བཞེངས་སྐྲུན་དང་ཀློག་མཁན་གཡོ་བྲིད་ཀྱི་ལས་སྟངས་ཤིག་ལར་ནས་མིན། སྐད་ཆ་འདི་དག་ནི་རང་ཐོག་ཏུ་བབས་ཏེ་རང་རྐྱང་གིས་བཤད་པ་ཡིན་པས་མགོ་མཇུག་གི་ དོན་དག་ཆ་ཚང་རང་ཉིད་ཀྱིས་འགན་ཁུར་བྱེད་རྒྱུ་ཡིན།
གཞན་ཁོ་བོ་ཅག་གི་ཉིན་གཅིག་གི་མྱོང་བ་འདིས་ཁོ་བོ་ཅག་དང་འདྲ་བའི་སྤུན་མི་གང་མང་ཞིག་གི་ཚེ་ལུས་གཅིག་གི་གནས་སྟངས་ལ་སྔོན་དཔག་བྱེད་ཐུབ་པ་མ་ཟད། འདི་ལས་ནང་མི་དག་གི་ཕྱོགས་སུ་མིག་འཚོ་གནང་བའི་རྒྱང་ཐག་རིང་ཐུང་གི་གཉེན་བཤེས་བློ་རྣོ་ཅན་དག་དང༌། སུ་ཞིག་གི་ཐོབ་ཐང་ལ་སྲུང་སྐོར་བྱེད་མཁན་གྱི་སེམས་དཔའི་མི་ཚོགས་རྣམས་ཀྱིས་མངོན་ཟུར་ཅི་རིགས་ནས་མཐོང་དགོས་པ་དང་རྙེད་པར་འགྱུར་བའི“གསར་འགྱུར”དོན་ བླུགས་མ་འགའ་རེ་ཡང་རག་སྲིད་ལ།
དེ་བཞིན་ཉེ་སྔོན་ཁོ་བོ་ཅག་གི་གནས་ཚུལ་དྲྭ་ལམ་དང་བརྙན་ལམ་སོགས་རྒྱལ་སྤྱིའི་སྟེང་ལ་ཁྱབ་སྤེལ་བྱས་དང་བྱེད་བཞིན་པའི་བསམ་དཀར་བསམ་གནག་དུ་མའི་སྐད་དོན་ཇེ་གསལ་དུ་གཏོང་བ་སོགས། དོན་དག་དངོས་བྱུང་ཡིན་ཚུལ་རང་ཉིད་ཀྱིས་དངོས་སུ་ར་སྤྲོད་བྱེད་རྒྱུ་ཡིན་པས་ ཕྱི་ནང་གི་འགྲོ་མི་ཡིག་ཀློག་པ་དང་འགྲོ་མི་ལྟ་ཞིབ་པ་དག་གིས་ཐེངས་གཅིག་ལྟ་ རོལ་བྱེད་པའི་རེ་སྐུལ་ཡང་སྙིང་ནས་ཞུ་ཀི་ཡོད།
ཐོག་མའི་སྐད་ཆ།
མི་རིང་བའི་སྔོན་དུ་སྒེར་དོན་ཆུང་ངུ་ཞིག་དང་སྤྱི་དོན་ཙག་ཙིག་རེའི་ཆེད་དུ་ཨ་ མདོ་ཟི་ལིང་དུ་ཕྱིན་ཞིང༌། ཟི་ལིང་ནས་ཕྱིར་ལྡོག་སྟེ་ཉིན་འགའ་ལ་ཁྲིན་ཏུའུ་ནས་ངལ་གསོ་བྱས་རྗེས་ཕྱིར་ སློབ་གྲྭར་ལོག་རྩིས་ཡོད། ཁྲིན་ཏུའུ་ནི་རྒྱ་མིའི་གྲོང་ཁྱེར་དག་གི་ཁྲོད་ན་སྤུས་གྲངས་ཐད་ནས་གོ་གནས་མཐོ་ ཙམ་བཟུང་བའི་གྲོང་ཁྱེར་ཆེ་ཁག་ཅིག་ཡིན་ལ། གནས་འདིར་མི་ཚོགས་ཀྱི་འཚང་ཀ་དང་རླངས་འཁོར་གྱི་འགྲོ་འོང་སོགས་ནི་ལྟོས་བཅས་ ཀྱིས་དཔག་ཡས་པ་ཞིག་རེད།
སྤྱི་ཟླ་དྲུག་པའི་ཚེས་ལྔ་ཉིན་གྱི་དགོང་མོར་སྔོན་དུས་སློབ་གླིང་ནས་ལོ་ངོ་དྲུག་ བདུན་ཙམ་ལ་འཚོ་བ་མཉམ་དུ་བསྐྱལ་ཞིང༌། རིག་གནས་ཀྱི་བྱེད་སྒོ་དང་སྤྱི་ཚོགས་ཀྱི་ལས་དོན་མི་ཉུང་བ་ཞིག་ལ་དཀའ་བ་ལྷན་ དུ་སྤྱད་མྱོང་བའི་ལས་གྲོགས་དམ་པ་ཧོར་ཐུབ་བསྟན་དགེ་འདུན་ལགས་དང་སློབ་གྲོགས་ རྙིང་བ་ཤེས་རབ་ཟུང་དང་བཅས། ཁྲིན་ཏུའུ་བོད་མིའི་ཁྲོམ་གྱི་ཤར་ལྷོའི་མཚམས་སུ་ཡོད་པའི“ཨ་ཅག་ལགས་བོད་ཟའི་ཁང ”གི་སྒོ་འགྲམ་དུ་བསྲེགས་ཟས(BBQ)བཟའ་རུ་ཕྱིན་པ་ཡིན།
དུས་ཚོད་བཅུ་གཉིས་དང་སྐར་གྲངས་ཉེར་བརྒྱད་ལ་ཐོན་འདུག་ཅིང༌། བསྲེགས་ཟས་ར་བ་རུ་བསྲེགས་ཟས་བཟོ་མཁན་གྱི་རྒྱ་མི་ཕོ་མོ་ལོ་ལོན་གཉིས་དང་གཞན་ བསྲེགས་ཟས་བཟའ་བའི་ཕོ་གཞོན་གསུམ་བཞི་ཙམ་ལས་གཞན་སུ་ཡང་མི་འདུག ཁོ་བོ་ཅག་དང་རྒྱང་ཐག་མི་རིང་བའི་ལམ་སྣེ་ཞིག་ཏུ་ཁྱོགས་འཁོར་དཀར་བོ་ཞིག་འདུག་ ལ། བལྟས་ཚོད་ལ་དེ་ཡི་ནང་ནས་མི་གཉིས་ཀྱིས་ཁོ་བོ་ཅག་གི་ཕྱོགས་སུ་གསང་ལྟ་བྱེད་ བཞིན་ཡོད་པ་འདྲ། ཁོ་བོའི་སེམས་སུ་ཉེ་འཁོར་གྱི་སྐྱེས་པ་དེ་དག་ལ་ལྟ་རྟོག་བྱེད་པ་ཨེ་ཡིན་ནམ་སྙམ་པ་ལས་དོགས་གཞི་གཞན་གང་ཡང་སྐྱེས་མ་ཐུབ།
དེ་ནས་ཁོ་བོ་ཕར་འཁོར་ནས“ང་ཚོའི་བསྲེགས་ཟས་རྣམས་ཤ་དང་མཉམ་དུ་བསྲེག་མི་རུང”བར་ བཤད་བཞིན་པའི་སྐབས་དེར། གློ་བུར་དུ་རྒྱབ་ཀྱི་གཞུང་ལམ་ནང་རླངས་འཁོར་དཀར་པོ་གཅིག་དང་ནག་པོ་གསུམ་བཅས་ ཁྱོན་སྡོམ་རླངས་འཁོར་བཞི་ཐོན་སོང་ལ། དེ་མ་ཐག་དེ་དག་ལས་དམག་ཆས་དང་ཉེན་དཔང་ཡི་གེ་སོགས་གང་ཡང་ཐོགས་མེད་པའི་རྒྱ་ཕོ་ བཅོ་ལྔ་ཡས་མས་སར་བབས་ཏེ་ངེད་ཅག་གི་སྟེང་དུ་མཆོང་ཡོང༌།
ང་ཚོས་ཅི་ཡིན་འདི་ཡིན་མ་གོ་བའི་སྐབས་དེར་ཁོ་ཚོ་རེ་རེ་བཞིན་ངེད་གསུམ་གྱི་རྐང་བ་དང་ལག་པ་རེ་རེ་ལ་འཐམ་བྱུང་ལ། དེ་དག་ལས་འགའ་རེས་ལྕགས་དབྱུག་སྨིད་ཕྱེད་ལ་ལོངས་པ་ཞིག་གིས་མགོ་དང་ཡན་ལག་དག་ ལ་བར་ཁྱད་མེད་པར་བསྣུན་བྱུང་བ་མ་ཟད། ཁ་ཅིག་གིས་མིག་དང་རྣ་སོགས་ལ་གཏད་དེ་སྦྲིད་རྫས་ཁྱད་པར་ཅན་ཞིག་ཀྱང་གཏོར་འོང༌། ང་ཚོས་འཕྲོག་བཅོམ་པའམ་ནག་ཚོགས་ཤིག་ཡིན་པར་འདོད་དེ་གསིག་འཐེན་འགའ་ཞིག་བྱས་ན་ཡང༌། ང་ཚོ་རེ་རེ་ལ་མི་དྲུག་བདུན་ལྷག་གིས་མནན་རྡུང་བྱས་འོང་བས་ཁ་ཡ་འདང་ཐབས་མི་འདུག དེ་འཕྲལ་ང་ཚོའི་ཉེ་འཁོར་དུ་མེ་མདའ་མང་བོ་འཕང་བྱུང་ལ་ལམ་འགྲམ་དུ་ཉེན་རྟོག་པའི་རྟགས་ཅན་གྱི་རླངས་འཁོར་རེ་གཉིས་ཀྱང་ཐོན་འདུག
སྐབས་ དེར་ང་ཚོས་ཉེན་རྟོག་མི་སྣ་ཡིན་པ་ཤེས་ནས་འཐེན་ཁྱེར་མ་བྱས་པར་སེམས་ལྷོད་ལ་ ཅུང་བབས་ན་ཡང༌། ཁོ་ཚོས་ངེད་ཅག་གི་ལག་པ་བཙན་གྱིས་རྒྱབ་ལ་གཅུས་ཏེ་ལྕགས་སྒྲོག་བཟོད་དཀའ་བ་ཞིག་ གིས་བསྡམ་འོང་ལ། མགོ་བོ་རྡོ་བཅལ་ཐང་དུ་མནན་ནས་རྐང་མགོས་གང་འདོད་དུ་གཟས་བྱུང་བས་མི་ཚད། སྦྲུད་རྫས་གཏོར་ཞོར་དུ་ཁུ་ཚུར་བཅངས་ཏེ་ཤུགས་ཆེན་པོས་བསྣུན། ཁོ་བོའི་ཁ་དང་སྣ་ལས་ཁྲག་དམར་བཞུར་ཞིང་ལུས་ཡོངས་ལ་ཚ་ཚོར་རྒྱས་དྲགས་པས་དབུགས་ ཀྱང་འབྱིན་དངུབ་མི་ནུས་པའི་ཚད་དུ་ཐོན།
གོམ་ པ་ལྔ་ཡས་མས་ཀྱི་མཚམས་སུ་གྲོགས་པོ་ཧོར་ཐུབ་བསྟན་དགེ་འདུན་ལ་ལྕགས་དབྱུག་གིས་ གཞུས་ཀྱིན་པའི་སྒྲ་ནི་རྣ་བས་མི་བཟོད་པ་ཞིག་རེད་ལ།ཁོང་གིས་འཁུན་སྒྲ་འབྱིན་ པའི་སྒྲ་ལས་ཁོ་བོའི་སེམས་སུ་ད་ནི་གྲོགས་པོ་བསད་བཞག་ཡོད་ས་རེད་འདོད་བྱུང༌། དེ་ནས་སྐར་མ་ལྔ་ནས་བཅུ་ཡས་མས་ཀྱི་རིང་ལ་ང་ཚོ་འདོད་འདོད་ཅིག་གཅར་རྡུང་བྱས་ རྗེས། ཁོ་བོ་ཁྱོགས་འཁོར་དཀར་བོ་ཞིག་གི་ནང་དུ་དྲུད་སོང་ལ། གྲོགས་པོ་ཧོར་ཐུབ་བསྟན་དགེ་འདུན་ལ་ལྷམ་ཆ་ཡས་ཀྱང་གྱོན་དབང་མ་བྱིན་པར་རླངས་ འཁོར་ནག་པོ་ཞིག་ཏུ་དྲུད་སོང༌། དེ་བཞིན་དུ་གྲོགས་ཤེས་རབ་ཀྱང་རླངས་འཁོར་ཆུང་ངུ་ཞིག་ཏུ་ཁྱེར།
སྐབས་ ཐོག་དེར་ང་ཚོའི་ཉེ་འཁོར་དུ་མི་ཉི་ཤུ་ཡས་མས་འབྱོར་བྱུང་ལ་མང་ཆེ་བ་ནི་བོད་པ་ དག་རེད། ཁོང་ཅག་གིས་ང་ཚོར་གཅར་སྟངས་ལ་ཧད་ནས་སྡོད་པ་ལས་རོགས་སྐྱོར་བྱེད་དུ་འོང་ཕོད་ མཁན་གཅིག་ཀྱང་མི་འདུག་ལ། དེ་དག་ཁྲོད་ཀྱི་སྐྱེས་མ་ལོ་སུམ་ཅུར་སོན་ཟིན་པ་ཞིག་གིས“ཁྱོད་ཚོ་གང་གི་རེད ”ཅེས་སྐད་དམའ་མོས་དྲིས་བྱུང༌། ཁོ་བོས་རླངས་འཁོར་གྱི་སྒེའུ་ཁུང་ནང་ནས“ང་ཚོ་ལས་གཉིས་ཁམས་བྲག་འགོ་དང་གཅིག་ གསེར་རྟ་ནས་ཡིན། མིང་ལ་ཐུབ་བསྟན་དང་ཤེར་རབ། སྒོ་ཡོན་བཅས་ཟེར”ཞེས་བཤད་ཚར་མ་ཚར་ཙམ་ལ་བདག་གི་ངོ་གདོང་ལ་གཏད་དེ་འཕྲོ་རིམ་ འཕྲོར་ཁུ་ཚུར་གྱིས་ལྔ་དྲུག་ཅིག་བསྣུན་བྱུང༌།ཡིན་ཡང༌། ཁོ་བོས་སྐད་ཆའི་མཇུག་མཐུད་དེ“ཨ་རོག་བོད་པ་ཚོ། ཁྱོད་ཚོས་ཤེས་དགོས།ཁོ་ཚོས་ངེད་ཅག་དོན་མེད་དུ་བཟུང་བ་རེད། ང་ཚོས་ཉེས་སྐྱོན་གང་ཡང་བཟོས་མེད”ཅེས་ཤུགས་ཀྱིས་བརྗོད་པ་ཡིན། དུས་དེར་རྒྱ་མི་གཉིས་ཀྱིས་བདག་གི་གཡས་གཡོན་ནས་བཟུང་སྟེ། “ཁྱི་ཁ་ཚུམས”དང“ཁ་མ་གྲག”ཟེར་ཞོར་ལྷག་ཏུ་བདག་གི་ངོ་གདོང་ལ་བསྣུན་ནས་ཡོང༌།
ང་ ཚོ་གསུམ་པོ་སོ་སོར་རླངས་འཁོར་ཐ་ཐད་པ་རེ་རེར་བརྫངས་ནས་ལམ་ལ་ཆས་སོང་ཞིང༌། འགྲོ་རན་ཁར་དེ་དག་ལས་ཉེན་དཔོན་ལོས་ཡིན་འདོད་པ་ཞིག་གིས། སྔར་གྱི་གསང་ལྟ་བྱེད་པའི་ཁྱོགས་འཁོར་དཀར་བོ་དེར་བཅར་ནས“ངོ་མ་ཐུགས་རྗེ་ཆེ” ཟེར་གྱིན་པ་དངོས་སུ་ཐོས་ཐུབ།ཁོ་བོ་བཅུག་ཡོད་སའི་རླངས་འཁོར་ནང་དུ་ཁ་ལོ་བ་ གཅིག་དང་གཡས་གཡོན་དུ་ཉེན་མི་གཉིས་ཏེ་ཁྱོན་སྡོམ་མི་གསུམ་ལས་མི་འདུག
ཁོ་ བོས་སྐད་གདངས་ལྷོད་ལྷོད་ཀྱིས“གྲོགས་པོ། ང་ཚོ་ཅིའི་དོན་གྱིས་བཟུང་བ་ཡིན”ཞེས་དྲིས་མོད། ང་རང་སྲུང་བཟུང་བྱེད་པའི་རྒྱ་མི་དེ་གཉིས་ཀྱིས“ཁ་རོག་སྡོད། འུར་མ་རྒྱག”ཅེས་ངར་སྐད་བྱེད་པ་མ་ཟད། སྔར་ལས་ཀྱང་ལྷག་པར་དམ་གྱིས་སྡོམ་བཞིན་འགྲམ་ལྕགས་ཚ་ཐག་ཆོད་པ་གཉིས་གཞུས།
དུས་ ཚོད་ཕྱེད་ཙམ་ལ་གྲོང་ཁྱེར་གྱི་ལམ་ཆེན་དང་ལམ་ཕྲན་དུ་མ་ཞིག་བརྒྱུད་རྗེས། མཐར་ཉེན་རྟོག་རླངས་འཁོར་མང་བོ་བཞག་ཡོད་སའི་ར་སྐོར་ཞིག་ཏུ་ཐོན་སོང་ལ་དེ་རུ་ ཉེན་རྟོག་པ་དུ་མ་ཕར་འགྲོ་ཚར་འོང་བྱེད་ཀྱིན་འདུག ཁོ་བོ《ཁྲིན་ཏུའུ་ཆེས་ཡེང་སྤྱི་བདེ་ཁང》ཞེས་པའི་སྒོ་རྟགས་ཆེན་པོ་སྦྱར་བའི་ རྒྱ་ཁང་ཞིག་གི་ནང་ཤེད་དུ་བཙན་གྱིས་ཁྲིད་དེ། རྒྱ་ཚད་སྟོང་ལ་ཉེ་བའི་འདུག་སྟེགས་ཤིག་ལ་སྡོད་དུ་བཅུག་མཐར། བཙའ་ཡིས་ཟིན་པའི་རྐང་སྒྲོག་མཐུག་པོ་ཞིག་ཀྱང་བརྒྱབ་བྱུང་ལ། འདུག་སྟེགས་ཀྱི་མདུན་དུ་ལྕགས་ནར་རིང་བོ་ཞིག་དྲང་སྟེ་ཡར་ལངས་མི་ནུས་པ་ཞིག་ བཟོས་སོང༌།
སྐར་ གྲངས་བཅུ་ཙམ་ལ་ཅི་ཡང་མ་བྱས་པར་ཉེན་རྟོག་པ་རྒན་གྲས་གཉིས་ཀྱིས་སྲུང་འདུག་ལ། ཁོ་གཉིས་ཀས་ཁོ་བོ་ལ་གནག་པའི་སྒོ་ནས་མིག་ལོག་ལྟ་ཀི་འདུགདེ་རྗེས་མགོ་ལ་སྐྲ་ སྤུ་ཉུང་ཞིང་ལུས་ལ་ཤ་ཚིལ་རྒྱག་པའི་རྒྱ་མི་ལོ་ན་སུམ་ཅུར་སོན་པ་ཞིག་དང་ལོ་ངོ་ བཞི་བཅུར་བརྒལ་བའི་རྒན་པ་གཉིས་བསླེབས་བྱུང་ཞིང༌། ཁོ་གཉིས་ཀྱིས་ཁོ་རང་ཚོའི་ལྷམ་ཕྱི་བྱེད་ཀྱི་པགས་རས་ཚི་སྟུག་མ་ཞིག་ཁྱེར་འོང་ ནས་ཁོ་བོའི་གདོང་གི་ཁྲག་རྣམས་ཕར་ཕྱི་ཚུར་ཕྱི་བྱས་རྗེས།འདྲ་པར་གཉིས་གསུམ་ ཞིག་བརྡབས་ཏེ་ཕྱིར་ལོག་སོང་ལ། ཡང་ཅུང་ཙམ་གྱིས་ཤ་རྒྱག་པའི་རྒྱ་མི་དེ་སླར་འོང་སྟེ། ཆུང་དུས་ནས་བདག་ལ་ཨ་མ་ལགས་ཀྱིས་གནང་བའི༧གོང་ས་མཆོག་དང༧ཆོས་རྗེ་བླ་མ་རྣམ་ གཉིས་ཀྱི་ཕྱག་ཕྲེང་རྡོག་རྡོག་གཉིས་སྐེ་ལ་བཏགས་ཡོད་པ་དེ་ཤུགས་ཀྱིས་མགོ་ནས་ ཕུད་དེ་ས་རུ་ཕྱུང་སོང་བ་མ་ཟད། རྡོག་མགོ་བཏེགས་ནས་ཁོ་བོའི་བྲང་ངོས་སུ་བཅུ་གྲངས་ཤིག་བསྣུན་ལ། ད་དུང་ཀོ་ལྷམ་རྐང་ནས་ཕྱུང་སྟེ་ཀོ་ལྷམ་གྱིས་ཁོ་བོའི་ངོ་མཐིལ་ལ་དྲུག་བདུན་ ཞིག་བརྒྱབ། དེ་ནས་ཀོ་ལྷམ་སླར་གྱོན་ཏེ་ཁོ་བོར་སྡིགས་དམོད་བྱེད་བཞིན་མཆིལ་འདེབས་འགའ་བྱས་ མཐར་སྒོ་ཕྱིར་བུད་སོང༌།
དེ་ རྗེས་ཁོ་བོར་ལག་ལྕགས་ཀྱིས་ལག་པ་རྒྱབ་ལོག་ཏུ་བསྡམས་ཏེ་སྡོད་དུ་བཅུགས་བྱུང་ལ། དུས་ཚོད་འགའ་འདས་པ་ན་ལག་པ་གཉིས་ལ་ནུས་ཚོར་ཅུང་ཙམ་ཡང་མེད་པས་མི་ཚད། ལག་རྐེད་ནས་ཁྲག་བཞུར་ཏེ་ལག་པ་ཆད་སོང་སྙམ་པའི་ཟུག་གཟེར་སྐྱེས། ཅི་ལྟར་བསྲན་ན་ཡང་བཟོད་ཐབས་དཀའ་བས་སྒོ་སྲུང་དེ་ལ་བོད་སྐད་ལྡབ་ལྡུབ་ཀྱི་ལམ་ ནས་མཆུ་བརྡ་བྱས་ཏེ། བདག་གི་ལག་པ་ཟུང་གིས་བསྲན་དཀའ་བས་རྒྱབ་ངོས་ནས་བཤུག་དགོས་བཤད་པར།ཁོ་འོང་ནས་ བདག་གི་བྲང་ཀ་རུ་རྡོག་ཐོ་ནམ་ལངས་པ་འདྲ་ཞིག་གི་གཉིས་བརྒྱབ་རྗེས། “ཁྱོད་ལ་འདི་འདྲ་དགོས་པ་རེད”ཅེས་གཤེ་གཤེ་གང་མང་ཞིག་བཏང་སྟེ་ཕྱིར་ཕྱིན་སོང༌། ཁོ་བོས་ད་ནི་ལག་པ་རྩད་ནས་ཆད་སོང་ཡང་འབོད་པ་མི་བྱེད་པའི་དམ་བཅའ་བྱས་ཏེ་ཨུ་ ཚུགས་ཀྱིས་བསྐྲན་ནས་བསྡད་པ་ཡིན།
ནམ་ ཕྱེད་ཙམ་འདས་ཟིན་པའི་དུས་སུ། ཡང་རྒྱ་མི་འགའ་བསླེབས་ཏེ“ཁྱོད་ཀྱི་ཐོབ་དཔང་གང་དུ་ཡོད”ཅེས་ཁོ་ཚོས་ངེད་ཅག་གི་ རྒྱབ་ཁུག་ལས་ཐོབ་དཔང་སྔར་ནས་བླངས་ཟིན་ནའང་བསྐྱར་འདྲི་བྱས་བྱུང༌། ཁོ་བོས་ད་ནི་སྐད་ཆ་གང་ཡིན་ཡང་དྲང་ལབ་བྱས་པར་རེ་འབྲས་མེད་པར་འདོད་དེ། རྒྱ་སྐད་མི་ཤེས་ཚུལ་གྱིས“ང་རང་བོད་ཡིན་པས་རྒྱའི་སྐད་གོ་གི་མ་རེད”སྨྲས་པར། “རྒྱ་སྐད་ཤོད། ཁྱོད་ཀྱིས་རྒྱ་སྐད་ཤེས་པ་ང་ཚོས་སྔར་ནས་ཤེས་ཡོད། སྐྱག་རྫུན་མ་ལབ”ཅེས་བཙན་གཏམ་བཤད། ཁོ་བོས་རྒྱ་བོད་ཀྱི་སྐད་ཆ་སྦྲགས་མ་ཞིག་གིས“ངས་རྒྱ་སྐད་མང་བོ་འཆད་མི་ཤེས ”བརྗོད་པར།ཁང་བ་དེ་ནི་ཁོ་ཚོའི་གཞུང་ལས་ཁང་ཡིན་པ་འདྲ། ནང་དུ་རྩིས་འཕྲུལ་གསུམ་དང་ཡིག་དཔར་ཆས།གདན་འཇོག་ཁ་པར་སོགས་ཀྱིས་གང་འདུག་ལ།ག་ ས་གང་དུ་ཉེན་རྟོག་པའི་རྟགས་དང་ཉེན་རྟོག་མི་སྣའི་པར་རིས་སྦྱར་འདུག
ང་ རང་འདབས་ཀྱི་ལྕགས་ལས་གྲུབ་པའི་འདུག་སྟེགས་དེར་སྡོད་དུ་བཅུག་མཐར། རྒྱ་མི་ཉེན་ཞྭ་གྱོན་མེད་པ་ཞིག་གིས་མེ་མདའ་ཐུང་ཐུང་ཞིག་བདག་ཕྱོགས་སུ་བསྐོར་ ཏེ“ཁྱོད་རང་གང་གི་ཡིན། སྔོན་ཆད་སྒེར་དོན་དང་སྤྱི་དོན་གང་ཞིག་བསྒྲུབ་མྱོང༌།ཁྲིན་ཏུའུ་རུ་བྱ་བ་ཅི་ བྱེད་ཀྱིན་ཡོད། གནས་འདིར་འོང་ནས་དུས་ཡུན་ག་ཙམ་འགོར། དྲང་བོས་མ་བཤད་ན་མེ་མདའ་འདི་ཐག་གེར་གནོན་རྒྱུ་ཡིན”ཞེས་བརྗོད་བྱུང༌། ཁོ་བོས་རང་གི་ཕ་ཡུལ་དང་དངོས་མིང་སོགས་དྲང་བརྗོད་བྱས་མཐར“གཞན་ཅི་ཡང་བསྒྲུབ་ མ་མྱོང”ཞེས་བཤད་པ་ཡིན། ཁོ་ཚོས“ཁྱོད་ཀྱིས་གྲོགས་པོ་གཉིས་ཀ་ཅི་ལྟར་ངོ་ཤེས་པ་དང་གང་ནས་ངོ་ཤེས་མིན། ཁྱོད་ཚོས་བྱ་བ་ཅི་བསྒྲུབ་མྱོང་མིན”སོགས་མི་ཚེའི་ནང་གི་བརྒྱུད་རིམ་དང་གནད་ དོན་ཆེས་མང་བོ་ཞིག་ལ་འདྲི་གཅོད་བྱས་བྱུང་ལ། དེ་དག་རེ་རེ་ལ་ལན་འདེབས་སྐབས“ཁྱོད་ཀྱིས་སྐྱག་རྫུན་མ་བཤད”ཅེས་གཅར་རྡུང་བྱེད་ གྲབས་བྱས།ཁོ་བོས་དོན་དག་འགའ་རེ་ལ་དྲང་ལན་བཏབ་ཅིང༌།འགའ་རེར་ལྡོག་ཕྱོགས་ནས་ ལན་བྱིན། ཡང་འགའ་རེར“ངས་དོན་དག་ཧ་མི་གོ་འདུག”ཅེས་ལན་གང་ཡང་མ་བཏབ་པར་རང་གར་བསྡད་པ་ ཡིན།
ཁོ་ བོས་བཤད་པའི་དྲིས་ལན་ཆ་ཚང་རྩིས་འཕྲུལ་དུ་བཏགས་ཀྱིན་འདུག་ལ།དྲི་བ་རེ་རེ་ ཐེངས་བཞི་དང་ལྔ་ཙམ་རེར་བསྐྱར་འདྲི་བྱེད་ཅིང༌། སྔར་བཤད་ཟིན་པ་དག་དང་ཞིབ་བསྡུར་བྱེད་དུ་བཅུགད་དུང་བཏགས་ཟིན་པའི་ཡི་གེ་རྣམས་ ཉེན་རྟོག་མི་སྣའི་རྟགས་དོད་ཡོད་པའི་དྲ་ཚིགས་ཤིག་ཏུ་གསོག་སྤེལ་ཡང་བྱས་སོང༌།
དུས་ ཚོད་གསུམ་ཙམ་ལ་དྲི་བཤེར་བྱས་རྗེས་རྩིས་འཕྲུལ་ནང་གི་ཟིན་ཐོ་རྣམས་ཤོག་ཐོག་ཏུ་ ཕབ་སྟེ། རེ་རེའི་མཇུག་ཏུ་རང་མིང་དང་མཛུབ་རིས་གནོན་དུ་བཅུག་ཚར་སྐབས།སླར་ཡང་ཁང་བ་གཞན་ ཞིག་ཏུ་ཁྲིད་སོང༌། འགྲོ་ཞོར་ལ་འདབས་ཀྱི་ཁང་ཆུང་ཞིག་ཏུ་གྲོགས་པོ་ཧོར་ཐུབ་བསྟན་དགེ་འདུན་ལ་འདྲི་ གཅོད་བྱེད་བཞིན་པ་མཐོང་ཞིང༌། ཁོང་གི་མིག་གཡས་པ་དང་ལག་པ་གཡས་ཕྱོགས་ལ་སྐྱོན་ཆེན་པོ་བཟོས་ཡོད་པ་སྣང་ཐུབ། གཞན་གྲོགས་ཤེས་རབ་ཀྱང་མཐོང་ཞིང༌། ཕར་བལྟས་ཚོད་ཀྱིས་ཁོང་ལ་རྨས་སྐྱོན་ཆེན་པོ་བྱས་མེད་པ་འདྲ།ཁོ་བོ་ཁྲིད་སའི་ཁང་ བ་དེ་ནི་ཁང་ཆུང་ཞིག་རེད།གཡས་འགྲམ་གྱི་གྱང་ངོས་སུ་ལྕགས་ཀྱི་ཨ་ལོང་གཉིས་ བརྡབས་འདུག་པས། ཁོ་བོ་ལྕགས་སྒྲོག་ཅིག་གིས་དེ་རུ་སྒོ་ཁྱི་བཏགས་འདྲ་བྱས་སོང༌།
ཅུང་ ཙམ་འགོར་རྗེས་ཁང་བ་དེར་གྲོགས་ཤེས་རབ་ཁྲིད་འོང་སྟེ།ཉེན་མི་རྒན་པ་དེས་མཛུབ་ ཐེའུ་བཅུ་གྲངས་ཤིག་གནོན་དུ་བཅུག་རྗེས་ཕྱིར་སྒོ་ཁར་ཁྲིད་སོང༌། དེ་ནས་དུས་ཚོད་ཕྱེད་ཅིག་འགོར་མ་ཙམ་ལ་གྲོགས་ཧོར་ཐུབ་བསྟན་དགེ་འདུན་ཡང་ཁོ་བོ་ ཡོད་ས་དེར་ཁྲིད་ཅིང༌། ཁོ་བོ་དང་ལྟག་སྤྲོད་ཀྱིས་བཏགས་རྗེས། ཕན་ཚུན་ཁ་གྲག་ཏུ་མི་འཇུག་པར་རིམ་པ་བཞིན་ཡར་འགྲེང་དུ་བཞག་ནས། གཡས་དང་གཡོན། རྒྱབ་དང་མདུན་སོགས་ལ་བསྐོར་ཏེ་རང་མིང་བྲིས་པའི་ཤོག་བྱང་ཆེན་པོ་ཞིག་དང་མཉམ་ དུ་འདྲ་པར་བཅུ་ཕྲག་ཅིག་བརྡབས་མཐར། ཐོབ་དཔང་དཔར་ཞིང་མིང་ཡིག་སྦྱར་བའི་ཤོག་གུ་གྲུ་བཞི་མ་ཞིག་ཏུ་མཛུབ་མོ་རེ་རེ་ དང་ལག་མཐིལ་རེ་རེ། ལག་རྒྱབ་ཆ་ཚང་བཅས་བཙན་གྱིས་དཔར་དུ་བཅུག་པ་མ་ཟད། གློག་སྒམ་དམར་བོ་ཞིག་གི་བར་ལ་བཅུགས་ཏེ་ཡང་བསྐྱར་མཛུབ་རིས་དོད་དུ་བཅུག
དུས་ ཚོད་གཅིག་ལྷག་ལ་དེ་ལྟར་བྱས་རྗེས་རྒྱ་མི་གཞན་ཞིག་འོང་ནས་ཁང་ཤག་དམའ་མོ་ཞིག་ ཏུ་ཁྲིད་སོང་ཞིང༌།དེ་རུ་རྒྱ་ཡིག་མང་བོ་བྲིས་ཡོད་པའི་ཤོག་ལྷེ་ཞིག་ཏུ་མིང་ ཡིག་བྲི་བ་དང་མཛུབ་ཐེའུ་ལྔ་དྲུག་ཅིག་བྲིས་གནོན་བྱེད་དུ་བཅུག་བྱུང༌། གཞན་ཡང་ཁོ་ཚོའི་རྩིས་འཕྲུལ་དུ་ཐོ་འགོད་བྱས་ཟིན་པའི་བདག་གི་ཐོབ་དཔང་དང་ཕྱི་ སློག་ནང་སློག་འདོད་འདོད་ཅིག་བྱས་ཚར་བའི་རྒྱབ་ཁུག་བཅས་གྲོགས་པོ་ངེད་གཉིས་ ཀའི་ལག་ལ་སྤྲད་དེ“ད་ཕྱིར་རང་གནས་སུ་སོང་ཆོག”ཟེར། ངེད་གཉིས་ཁ་ཕྱིར་འཁོར་ཏེ“ང་ཚོས་དོན་ངོ་མར་མི་འགྲིག་པའི་ལས་ཅི་ཞིག་བྱས་པ་ རེད། ཁྱོད་ཚོས་ཅིའི་ཕྱིར་འཛིན་བཟུང་དང་གཅར་རྡུང་བྱས་པ ཁ་རོག་གེར་ཕྱིར་སོང༌། གཞུག་ཕྱོགས་ཁྱོད་གཉིས་ཀས་བྱ་བ་གང་བསྒྲུབ་ཀྱང་ང་ཚོས་བལྟས་བལྟས་ལ་ཡོད་པ་མ་ བརྗེད་ཅིག”ཅེས་སྨྲས་སོང༌།
དེ་ ནས་ངེད་གཉིས་ཉེན་རྟོག་ཁང་གི་སྒོ་ཁར་བུད་པ་ན།ནམ་གསལ་ཏེ་ཞོགས་པའི་དུས་ཚོད་ བདུན་དང་སྐར་གྲངས་ཉེར་གཅིག་ལ་ལོན་འདུག གྲོགས་ཤེས་རབ་སྔོན་དུ་བཏང་ཚར་ཞིང༌།གྲོགས་པོ་ཧོར་ཐུབ་བསྟན་དགེ་འདུན་གྱི་མིག་ གཡས་པས་མི་མཐོང་བ་བྱས་ཡོད་པས་མི་ཚད། རྩིབ་མ་བཅགས་པ་དང་ལག་གཡས་ཀྱི་ལག་རྐེད་དང་རྐང་མགོ་བཅས་ལ་ལྕགས་དབྱིག་གིས་ གཞུས་དྲགས་པས་ལྟ་སྲོལ་མེད་པ་ཞིག་རེད། ཁོ་བོའི་མཆུ་ནི་སྐྲང་སྟེ་ཕག་ངོ་འདྲ་ཞིག་ཏུ་གྱུར་འདུག་ཅིང༌། རྣ་གཡོན་པས་དེ་ཙམ་མི་ཚོར་བ་དང་མགོ་བོའི་ནང་དུ་དབང་སྐྱོན་ཕོག་འདུགད་དུང་ལག་ མགོ་གཉིས་ལ་རེག་ཚོར་སྤུ་ཙམ་ཡང་མི་འདུག་ལ། གདོང་ཡོངས་ལ་ཁྲག་གིས་སྦགས་ཏེ་འཇིགས་སྐྲག་སློང་མཁན་ཞིག་དང་ཀུན་ནས་མཚུངས།
མདོར་ ན། གྲོགས་དང་ཁོ་བོ་གཉིས་ལ་རྨས་སྐྱོན་ཚབས་ཆེན་བཟོས་འདུག་ནའང༌། འཆི་དགོས་དངོས་སུ་མ་བྱུང་བ་དང་དུས་ཚོད་ཐུང་ངུ་ཞིག་གིས་ཕྱིར་བཏང་བས། གནས་སྐབས་སུ་ན་ཟུག་མཐོ་ནའང་ཨུ་ཚུགས་མཐའ་བསྐྱལ་གྱིས་གོམ་པ་མདུན་ཕྱོགས་སུ་ སྤོ་བཞིན་གླ་འཁོར་ཆུང་ཆུང་ཞིག་ལ་བསྡད་དེ་མི་དམངས་སྨན་ཁང་ནང་ཕྱིན་པ་ཡིན། །
2010/06/19ཉིན་རྒྱ་ནག་ཏུ་བྲིས།
Comments are closed.