བཀའ་བློན་ཁྲི་པ་བུད་མེད་གཅིག་དགོས་སམ།

གཉིས་པ། བཀའ་ཁྲིའི་འོས་མིའི་ནང་ཞུགས་མཁན་རིགས་གཅིག་གིས། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱི་ཡོད་ཟེར་བ་འདི་རེད། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པའི་ཐོབ་ཐང་དེ་སུ་ལའང་ཡོད་པས། ངས་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱི་ཡོད་ཟེར་ནས་དམིགས་བཀར་བྱེད་དགོས་པའི་རྒྱུ་མཚན་མེད། སྤྱིའི་ཆ་ནས་དངོས་པོ་ཡོད་ཚད་ལོངས་སུ་སྤྱོད་ཆོག་པ་འདོད་པ་དེ། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་མ་རེད་ལ། དེ་ནི་མང་གཙོའི་ཁྲིམས་ལུགས་དང་འགལ་བ་ཞིག་ཡིན། དཔེར་ན། ང་ལས་ཁུངས་ནང་ཡོང་གི་མིན་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་ཀྱི་ཡིན་ཟེར་བ་དང། ངས་ཕ་མའི་ཁ་ལ་ཉན་གྱི་མིན་རང་ཉིད་ཀྱི་འདོད་པ་དེ་རང་གིས་བྱེད་ཀྱི་ཟེར་ནས། དེ་དག་མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་འདོད་པ་ནི། མང་གཙོའི་ཁེ་དབང་ལ་གོ་བ་ཏིལ་འབྲུ་ཙམ་ཡང་མེད་པའི་ལྐུགས་རྟགས་ཡིན། ཡོད་ཚད་མང་གཙོའི་ཁེ་དབང་ཡིན་ན། མང་གཙོའི་ལུང་པའི་ནང་ཉེན་རྟོག་པ་དང་སྐོར་སྲུང་བ་བཞག་དགོས་པའི་རྒྱུ་མཚན་མེད།

གསུམ་པ། བཀའ་བློན་ཁྲི་པ་འདི་ཤེས་ཡོན་དང་འཇོན་ཐང་ཁྱད་དུ་འཕགས་པ་ཞིག་དང། འདས་པའི་ལོ་རྒྱུས་ནང་ཤེས་ཡོན་དང་འཇོན་ཐང་སོགས། མང་ཁྲོད་ནས་མཛུབ་མོའི་རྩེ་ནས་བགྲང་རྒྱུ་ཡོད་པ་ཞིག་དགོས། དེ་ནི་འཛམ་གླིང་གི་རྒྱལ་ཁབ་གང་གི་སྲིད་འཛིན་དང་སྲིད་བློན་འོས་འགྲན་ནང་ཞུགས་སྐབས། མང་ཆེ་བ་ཁྲིམས་རྩོད་པ་དང། ཡང་ན་དམག་སྤྱི། ཡང་ན་ལོ་བསྟུད་མ་ཆབ་སྲིད་ཀྱི་ལས་དོན་བསྒྲུབས་ནས་ཡོང་མཁན་ཤ་སྟག་ཡིན་ལ། མི་དེའི་རིགས་ཀྱིས་ངས་སྲིད་བློན་དང་སྲིད་འཛིན་བྱེད་ཀྱི་ཡིན་ཞེས་དང་བླངས་ཀྱི་ཐོག་ནས། མང་གཙོའི་ཁེ་དབང་ལོངས་སུ་སྤྱོད་པ་དེ་ཁེ་དབང་རེད་ལ་མི་མང་གིས་ཀྱང་ངོས་ལེན་བྱེད་ཀྱི་ཡོད་པ་རེད། རྒྱ་བོད་དབྱིན་གསུམ་གང་རུང་གི་རྩོམ་ཡིག་ཙ་ག་ཙི་གི་འབྲི་ཤེས་པ་དང། ཉ་རེ་ཉོ་རེའི་སྐད་ཆ་བཤད་ཤེས་པ་ཙམ་གྱིས་ང་བཀའ་ཁྲི་ལངས་ཀྱི་ཡིན་ཟེར་ན། རང་ངོ་རང་གིས་མ་ཆོད་པ་དང་བཀའ་ཁྲིའི་འོས་འགན་ལ་རྒྱུས་མངའ་དང་སློབ་སྦྱོང་མེད་པ། བོད་མི་རིགས་ཀྱི་སེམས་ཁམས་ལ་རྒྱུས་མངའ་རྩ་བ་མེད་པའི་རྟགས་མཚན་རེད།