སང་ཉིན་གསད་ཀྱང་ང་རང་མི་འགྱོད་དོ།

 

 

ང་ལ་འཕྱ་དམོད་བྱེད་པ་མི་གནོད་ལ།།
ང་ལ་གདོན་འདྲེ་ཟེར་ཡང་མི་སྐྱོན་མོད།།
དེང་དུས་བོད་མི་འགྱུར་བའི་དུས་རབས་ན།།
རང་ལས་དྲིན་དུ་ཆེ་བ་མེད་པར་རློམ།།

འདི་འདྲའི་སྐབས་སུ་རང་རིགས་ཤེས་ཡོན་ཅན།།
འདི་འདྲའི་སྐབས་སུ་བོད་མི་ལར་ཞེན་ཅན།།
གང་དུ་སུ་ཡོད་ཕལ་ཆེར་་ཕྱོགས་ཞེན་ལས།།
སྐད་ཆ་ཞིབ་དུ་མ་བརྟག་བཤད་ལ་སྤྲོ།།

བསྐལ་བའི་མཐའ་ལ་ཟེར་ན་བཤད་དཀའ་ཡང་།།
སྐྱེ་བ་ད་རེབས་བོད་ལ་སྐྱེ་བ་འདི།།
ནམ་ཡང་བརྗེད་དུ་མེད་པའི་སེམས་གཤིས་འདི།།
ང་ལ་ཡོད་ལ་ཁྱེད་ཅག་ཡོད་པར་རེ།།

དེ་ལྟར་ཐུགས་ཀྱི་དཀྱིལ་དབུས་གོར་མོ་ནས།།
བསམ་གཞིགས་ཞིབ་མོ་གནང་དེ་ཉེག་ཕྲའི་ལས།།
གངས་ཅན་སྐྱེ་བོ་ཡོངས་ཀྱི་འདས་མ་འོངས།།
ཕྱོགས་ལ་ཞིབ་དཔྱོད་ནན་ཏན་བྱེད་པར་འཚལ།།

ང་ལ་བསྡིག་དམོད་བྱེད་མཁན་མང་ན་ཡང་།།
ང་རང་གསོད་པར་འདོད་མཁན་བྱུང་ན་ཡང་།།
ང་ལ་གདོན་དུ་ལྟ་མཁན་ཡོད་ན་ཡང་།།
ང་ལ་གནོད་དོགས་ནམ་ཡང་མི་བྱེད་དོ།།

སུ་དང་འགྲོག་ན་རང་གཤིས་གཙང་མིན་ནི།།
གང་དང་འདྲིས་ན་ཁྲེལ་གཞུང་ཡོད་མེད་དེ།།
ཤི་བའི་ཉིན་དེར་རང་སེམས་མ་འགྱོད་ན།།
བོད་ལ་སྐྱེ་བའི་བྱས་རྗེས་དེ་ཙམ་འདོད།།

རྩོམ་ཡིག་ཁྱར་ཁྱོར་འབྲི་བ་ལྟོ་དོན་མིན།།
དུས་ཚོད་དྲ་ངོས་གཏོང་བ་རང་དོན་མིན།།
སྐད་ཆ་བསམ་ནས་བཤད་པ་མིང་ཆེད་མིན།།
འདི་གསུམ་ཡིན་ཚེ་ད་ལྟ་ཤི་བར་སྨོན།།

ཤི་ཉིན་བོད་མི་འཇིགས་སའི་དམྱལ་བ་དེ།།
བཅོ་བརྒྱད་གནས་སའི་འབོད་པའི་ཡུལ་དེ་ནས།།
བསྐལ་བའི་བར་དུ་མནར་མེད་མྱོང་བ་དང་།།
མི་ལུས་ནམ་ཡང་ཐོབ་པ་མེད་པར་ཤོག

ད་རེས་བོད་ལ་སྐྱེ་བའི་ལས་དབང་འདི།།
རུས་པ་ས་ལ་མ་འཐོར་ཉིན་མོའི་བར།།
བོད་ཀྱི་བདེ་སྡུག་གླེང་རྒྱུའི་དམ་བཅའ་ཡོད།།
དེ་ཡི་ཆེད་དུ་སུ་ལ་འཇིགས་དོགས་མེད།།