བཙན་བྱོལ་བོད་མི་ཕྱི་སྡོད་བོད་མིའི་ངོ་བོར་འགྱུར་སྲིད་དམ།
གནས་ཚུལ་འདི་ལ་མགྱོགས་མྱུར་བཟང་ཕྱོགས་ཀྱི་འགྱུར་བ་མ་ཕྱིན་ན་འབྱུང་འགྱུར་ལོ་ལྔ་བཅུའི་ནང་བཙན་བྱོལ་བོད་མིའི་གྲངས་འབོར་བརྒྱ་ཆ་ ༤༠ ནས་ ༤༥ བར་ཙམ་ཉུང་དུ་འགྲོ་རྒྱུ། བོད་ནང་ནས་སྐྱབས་བཅོལ་དུ་ཡོང་མཁན་རྒྱ་ནག་གིས་བཀག་འགོག་ཤུགས་ཆེན་བྱས་པར་བརྟེན་ཉུང་དུ་སོང་བ་བཅས་ཀྱི་གནོད་སྐྱོན་སྐོར་གསུངས་ཡོད་པ་རེད།
སྤྱིར་བཏང་འཕྲུལ་ཆས་དང་སྨན་སྣ་མང་དུ་སོང་བ་དང་སྟབས་བསྟུན་སྤྱི་ཚོགས་གང་སར་ཕྲུ་གུའི་སྐྱེ་ཚད་རང་དབང་གིས་བཀག་འགོག་བྱེད་ཀྱི་ཡོད་པས། མིའི་སྐྱེ་འཕེལ་གང་སར་ཉུང་དུ་འགྲོ་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་ཁ་ཤས་ནང་ཕྲུ་གུ་བུ་མོ་ཡིན་ན་གསོད་པའི་ལུགས་སྲོལ་ཡང་ཆེན་པོ་བྱུང་མྱོང་ཡོད། བོད་ནང་དུ་རྒྱ་ནག་གིས་བོད་མིའི་སྐྱེ་སྒོ་འགོག་པའི་སྲིད་བྱུས་ལག་བསྟར་བྱས་ཏེ། བོད་མི་རིགས་ཀྱི་སྐྱེ་འཕེལ་ལ་རྡབ་གསིག་ཆེན་པོ་ཐེབས་པ་དང་མཉམ་དུ་ཕྲུ་གུ་སྐྱེ་འདོད་མེད་པའི་སློབ་གསོར་དང་ལེན་བྱེད་མཁན་ཡང་མང་དུ་འགྲོ་བཞིན་ཡོད་པས། བོད་ནང་གི་མི་འབོར་ཉུང་དུ་འགྲོ་བ་སྨྲོས་མེད་རེད།
སྤྱིར་བཏང་བོད་མིའི་སྤྱི་ཚོགས་ནང་ཕྲུ་གུ་བུ་མོ་སྐྱེ་བ་དང་གསོད་པའི་ལུགས་སྲོལ་མེད་པ་མ་ཟད། ཕྲུ་གུ་བུ་དང་བུ་མོ་སུ་སྐྱེ་ཡང་ངོ་སོ་ཆེ་ཆུང་གང་ཡང་མེད་མོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཕྲུ་གུ་སྐྱེ་རྒྱུར་རང་དབང་གིས་བཀག་འགོག་བྱེད་ཀྱི་ཡོད། དེ་ལ་རྒྱུ་མཚན་ཁ་ཤས་འདུག ༡ སྤྱི་ཚོགས་རྙིང་པའི་སྐབས་སུ་ཁྱིམ་ཚང་ནང་ཕོ་མོ་གཉིས་ཀྱི་ལས་ཀ་བགོ་བཤའ་བརྒྱབ་པ་ལྟར། སྐྱེ་དམན་མང་ཆེ་བས་ནང་ལས་གཙོ་འདོན་བྱེད་པ་དང། སྐྱེ་པ་ཚོས་ཕྱི་ལོག་གི་ལས་ཀར་ཤུགས་སྣོན་རྒྱག་གི་ཡོད། དེ་བཞིན་ནང་དུ་མི་མང་པོ་ཡོད་པས། སྤོ་སྤོ་དང་རྨོ་རྨོ་ཚོས་ཕྲུ་གུ་ཆུང་ཆུང་ལ་ལྟ་སྐྱོང་བྱེད་པ་དང། ཕྲུ་གུ་ཆེ་བས་ཆུང་བར་ལྟ་སྐྱོང་བྱེད་ཀྱི་ཡོད་པས་ཕྲུ་གུ་གཉོར་སྐྱོང་ལ་དཀའ་ངལ་དེ་ཙམ་མེད། ཡིན་ནའང་དེང་སྐབས་ནང་མི་ཕན་ཚུན་ལ་མི་བརྟེན་པར་རང་འཚོའི་ལས་ཀ་བྱེད་ཤུགས་ཆེ་རུ་སོང་བ་དང། སློབ་སྦྱོང་བྱེད་རྒྱུར་དུས་ཚོད་རིང་པོ་གཏོང་དགོས་པ། འཚོ་ཐབས་ཀྱི་དབང་གིས་སྐྱེས་ཕོ་མོ་གཉིས་ཀར་ཕྱི་ལོག་ཏུ་ལས་ཀ་མང་དུ་སོང་བ་བཅས་ཀྱིས་ཕྲུ་གུར་ལྟ་སྐྱོང་བྱེད་རྒྱུར་དཀའ་ངལ་ཡོད། དཔེར་ན་ཁྱིམ་གཅིག་ནང་གི་ཕྲུ་གུ་ཚང་མ་སློབ་གྲྭར་གཏོང་དགོས་ལ། འཚོ་ཐབས་ཀྱིས་དབང་གིས་ནང་མི་རྒན་པ་དང་མཉམ་དུ་སྡོད་ཐབས་མེད་པར་གྱུར་ནས། ཕྲུ་གུར་ལྟ་སྐྱོང་བྱེད་མཁན་མེད། དཔེར་ན་གཟའ་མི་གཉིས་ཀ་གཞུང་ཞབས་ཡིན་ན། ཆུ་ཚོད་༩ པ་ནས་༥ པ་བར་དུ་ཡིག་ཚང་དུ་འགྲོ་དགོས། ཕྲུ་གུ་སྐྱེ་བ་དང་བུ་བཅོལ་ཁང་དུ་ཞོགས་པ་མར་བསྐྱར། དགོང་མོ་ཡར་ལེན་དགོས་པས། ཕྲུ་གུ་གཉིས་གསུམ་སྐྱེས་ན་ལྟ་སྐྱོང་བྱེད་མཁན་ཞིག་གླ་དགོས་ཀྱི་ཡོད་ལ་གླ་ཆ་སྤྲོད་ས་རག་དང་མི་རག སྤྲོད་རྒྱུ་ཡོད་དང་མེད། དེ་ཡང་དཀའ་ངལ་ཞིག་རེད།
༢ སྐྱེ་ཕོ་མོ་སུ་ཡིན་ཡང་ལོ་ཉི་ཤུ་རྩ་སྟོད་བར་དུ་སློབ་སྦྱོང་ལ་འགྲོ་ཡི་ཡོད་པ་དང། དེ་རྗེས་ལས་ཀ་ཞིག་བཙལ་བ་སོགས་གནད་དོན་འདྲ་མིན་གྱི་འོག་ལོ་ཁ་ཤས་འགོར་གྱི་ཡོད་པས། ལོ་སུམ་བཅུ་ཟིན་ཡོང་སྐབས་ཕྲུ་གུ་མང་པོ་སྐྱེ་རྒྱུའི་དུས་ཚོད་ཀྱང་མེད།
༣ དེ་ལས་ཉེན་ཁ་ཆེ་བ་ཞིག་ལ་ཕྲུ་གུ་དང་རྒན་ཁོགས་ལ་ལྟ་སྐྱོང་བྱེད་འདོད་མེད་པར་འགྱུར་བཞིན་ཡོད་པས། མི་རྒན་པ་ཆགས་པ་དང། རྒས་གསོ་ཁང་ཞིག་འཚོལ་དགོས་པ་དང་ཕྲུ་གུར་བུ་གསོ་ཁང་ངམ་བུ་བཅོལ་ཁང་ཞིག་འཚོལ་དགོས་ཀྱི་ཡོད། བོད་མིའི་སྤྱི་ཚོགས་རྙིང་པའི་སྐབས་རྒས་གསོ་ཁང་དང་བུ་བཅོལ་ཡང་མེད་ལ། ཡོད་དགོས་དོན་ཡང་མེད། བོད་མིའི་གཏམ་དཔེར་“རྒན་པར་ཞབས་ཕྱི། གཞོན་པར་བྱམས་སྐྱོང་”ཞེས་ཡོངས་གྲགས་ཀྱི་ལས་ཀ་བྱེད་སྟངས་ཤིག་ཡིན། ད་ལྟ་མི་ཚང་མ་རྒན་གཞོན་ལ་ལྟ་རྒྱུའི་དུས་ཚོད་མེད་པར་གྱུར་ཟིན་པས། མི་རིགས་འཕེལ་རྒྱས་ཤུགས་ཆེན་ཡོང་ཐབས་མེད། སུ་ཞིག་གིས་མི་རིགས་གྲངས་མང་བའི་ཆེད་དུ་སོ་སོའི་སློབ་སྦྱོང་དང་དམིགས་ཡུལ་བློས་གཏོང་བྱས་ནས། ཕྲུ་གུར་ལྟ་སྐྱོང་བྱས་ཏེ་སྡོད་ཐུབ།
༤ བཙན་བྱོལ་སྤྱི་ཚོགས་ནང་མི་རིགས་གཞན་པ་དང་མཉམ་དུ་གཉེན་སྒྲིག་བྱེད་མཁན་མང་དུ་སོང་བ་དང། དེའི་རིགས་རྒྱུད་ལ་བོད་མི་རིགས་ཀྱི་ཞེན་ཁོག་ཙམ་ཡོད་ཀྱང། བོད་མི་སྐྱབས་བཅོལ་བའི་ངོ་བོའི་ཐོག་སྡོད་ཐབས་མེད་ལ། བོད་མིའི་སྤྱི་ཚོགས་ནང་ལས་ཀ་བྱེད་འདོད་ཀྱང་མེད། དེ་ཡང་སྤྱི་ཚོགས་ཀྱི་གནས་བབ་དང་ཕན་ཚུན་བརྩེ་བ་ཆགས་སྟངས་གཅིག་པུས་མིན་པར་འཚོ་བའི་མདུན་ལམ་ལ་དཀའ་ངལ་ཡོད་པས་མི་རིགས་གཞན་དང་མཉམ་དུ་འགྲོ་མཁན་མང།
༥ ཕྲུ་གུ་སྐྱེས་ཚར་བའི་ཁྱིམ་ཚང་ཞིག་ཁ་འཐོར་བྱུང་ན། ཕྲུ་གུ་ལ་ལྟ་སྐྱོང་བྱེད་མཁན་དེར་སྤྱི་ཚོགས་ནང་ཆེ་མཐོང་གང་ཡང་མེད་པར། ཕྲུ་གུ་མི་འཁྲིད་མཁན་དེར་རྒྱལ་ཁ་ཆེན་པོ་ཞིག་ཐོབ་ཡོད་པའི་ལྟ་ཕྱོགས་ཡོང་གི་ཡོད། རྒྱུ་མཚན་འདི་དག་ལ་བརྟེན་ནས་མི་རིགས་འཕེལ་རྒྱས་ཡོང་ཐུབ་དཀའ།
ཕྲུ་གུར་ལྟ་སྐྱོང་བྱེད་རྒྱུ་སྟབས་བདེ་བཟོ་ཐབས།
༡ གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཡིག་ཚང་ཁག་དང། བཟོ་གྲྭ་སོགས་སུ་ཟླ་གླ་བླངས་ནས་ལས་ཀ་བྱེད་མཁན་ཚོའི་སྒྲིག་འཛུགས་ནང་ཕྲུ་གུ་སྐྱེ་རྒྱུ་ཡོད་མཁན་གྱི་ནང་མིར་དམིགས་བསལ་གྱིས་ལས་བཅར་མི་དགོས་པའི་དུས་ཡུན་རིང་པོ་འཇོག་དགོས། རྒྱལ་ཁབ་ཀྱི་ལས་དོན་བྱས་པ་ལྟར་ཟླ་གླ་གཅིག་མཚུངས་སྤྲོད་དགོས་པ་མ་ཟད། སྨན་ཁང་དུ་འགྲོ་བ་སོགས་ཀྱི་མཐུན་རྐྱེན་སྦྱར་དགོས།
༢ ས་གནས་གང་སར་བུ་བཅོལ་ཁང་དང་ཉིན་སློབ་ཚད་ལྡན་བསྐྲུན་དགོས།
༣ རང་འཚོ་བྱེད་མཁན་ཡིན་ན། ཕྲུ་གུ་སྐྱེ་སྐབས་འཚོ་སྣོན་འདང་ངེས་སྤྲོད་པ་དང། ཕྲུ་གུ་སློབ་གྲྭ་དང་བུ་བཅོལ་ཁང་སོགས་སུ་སློབ་ཡོན་དང། ཟས་རིན་ཅི་ཡང་མི་དགོས་སར་སྐྱེལ་ས་ཡོད་དགོས།
༤ གཟའ་འཐོར་བརྒྱབ་རྗེས་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་ལ་དམིགས་བསལ་ལྟ་རྟོགས་དགོས།
༥ ཕྱི་རྒྱལ་ཁག་གི་བོད་མིའི་ཕྲུ་གུ་དང་མི་རིགས་གཞན་དང་མཉམ་དུ་སྐྱེས་པའི་ཕྲུ་གུ་ཚོ་མཉམ་འཛོམས་བྱེད་སའི་ཁོར་ཡུག་བསྐྲུན་དགོས་ལ། བོད་ཀྱི་སྐད་དང་གོམས་གཤིས་ཀྱི་མཚོན་པས། བཙན་བྱོལ་བོད་མི་ངོ་སྤྲོད་བྱས་པ་དང་མཉམ་དུ་ཁོང་ཚོར་དེ་དང་འབྲེལ་བའི་ལས་ཀར་དོ་སྣང་བྱེད་ས་བསྐྲུན་ཐབས་དགོས། རྒྱུ་མཚན་འདི་དག་ལ་གཞུང་གཅིག་པུ་མིན་པར་སྒྲིག་འཛུགས་ཁག་དང་འབྱོར་ལྡན་ཚོས་ཤུགས་སྣོན་རྒྱག་དགོས། འདི་ལྟར་བཤད་དུས་གཞན་རྟེན་གྱི་བསམ་བློ་ཤུགས་ཆེ་དྲགས་འདུག་སྙམ་སྲིད་མོད། གཞུང་དང་མི་མང་གཅིག་ལ་གཅིག་བརྟེན་ག་ཚོད་དགོས་ན། དེའི་ཚོད་ཀྱིས་ཡར་རྒྱས་ཡོད་པ་མ་ཟད། གཞན་རྟེན་གྱི་བསམ་བློ་གཅིག་པུ་མིན་པར་འཚོ་བའི་དཀའ་ངལ་དང་སློབ་གྲྭའི་མཐུན་རྐྱེན་སོགས་ཀྱིས་ཕྲུ་གུར་ལྟ་སྐྱོང་བྱེད་མི་ཐུབ་མཁན་ཡང་མང་པོ་ཡོད།།