ཉི་ཧོང་དུ་ས་ཡོམ་བརྒྱབ་ནས་མི་གསུམ་གྱི་ཚེ་སྲོག་ཤོར་འདུག

ས་ཡོམ་གྱི་ཉེན་ཁ་ཆེ་བའི་ཉི་ཧོང་རྒྱལ་ཁབ་ཀྱི་ཨཱོ་ས་ཀའི་གྲོང་ཁྱེར་དུ་ས་ཡོམ་ཤུགས་ཚད་རིམ་པ་༦.༡ ཅན་ཞིག་བརྒྱབ་ནས། ཕྲུ་གུ་ཞིག་ཚུད་པའི་ཉུང་མཐར་མི་གསུམ་གྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། མི་༢༠༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག

ཟླ་༦ པའི་ཚེས་༡༨ ཉིན་ཉོ་ཧོང་དུ་ཆུ་ཚོད་༨ ཙམ་ལ་ས་ཡོམ་ཤུགས་ཚད་རིམ་པ་༦.༡ ཅན་ཞིག་བརྒྱབ་ནས། ཕྲུ་གུ་བུ་མོ་ལོ་༩ སོན་པ་ཞིག་སློབ་གྲྭའི་རྩིག་གྱང་རྡིབས་པའི་འོག་ཏུ་ལྷག་ནས་ཚེ་སྲོག་ཤོར་འདུག་པ་དང་། དེ་བཞིན་ལོ་རྒན་པ་ཞིག་ཀྱང་རྩིག་གྱང་རྡིབས་པའི་འོག་ཏུ་མནན་ནས་ཚེ་སྲོག་ཤོར་བ་དང་། མི་གཞན་ཞིག་ནང་གི་དེབ་འཇོག་སའི་བང་ཁྲིའི་འོག་ཏུ་མནན་ནས་ཤི་ཡོད་འདུག

ཉི་ཧོང་རྒྱལ་ཁབ་ནི་ས་ཡོམ་གྱི་ཉེན་ཁ་ཆེ་བའི་མངའ་ཁུལ་དུ་ཆགས་ཡོད་པ་དང་། འཛམ་གླིང་ནང་གི་ས་ཡོམ་ཤུགས་ཚད་རིམ་པ་༦ ལས་མང་བ་བརྒྱབ་པ་ལས་བརྒྱ་ཆ་༢༠ ཙམ་ཉི་ཧོང་དུ་རྒྱག་གི་ཡོད་པ་རེད་འདུག ཐེངས་འདིའི་ས་ཡོམ་ཁྲོད་ཉུང་མཐར་མི་གསུམ་གྱི་ཚེ་སྲོག་ཤོར་ཡོད་ཁར། མི་གྲངས་༢༠༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག

ས་ཡོམ་རྐྱེན་པས་ཁང་པ་༡༧༠༠༠༠ ཙམ་ལ་གློག་མེད་པ་ཆགས་པ་མ་ཟད། ཞོགས་པའི་དུས་ཡུན་རིང་ཁུལ་དེའི་མེ་འཁོར་གྱི་འགྲོ་སྐྱོད་མཚམས་འཇོག་བྱས་ཡོད་འདུག་པ་དང་། ཁུལ་དེར་ཡོད་པའི་ཉི་ཧོང་གི་བཟོ་གྲྭ་ཆེན་པོ་ཁ་ཤས་ལ་ཡང་ས་ཡོམ་གྱི་ཤུགས་རྐྱེན་སླེབས་ཡོད་པས་ལས་མཚམས་བཞག་འདུག

འབྲེལ་ཡོད་ལས་ཁུངས་ཀྱིས་འབྱུང་འགྱུར་ཉིན་ཤས་ནང་ས་ཡོམ་ཤུགས་ཚད་ཆེན་པོ་བྱུང་སྲིད་པ་དང་། དེ་བཞིན་འཆར་པ་དང་ས་རུད་ཀྱི་ཉེན་ཁ་ཡང་ཡོད་པའི་ཉེན་བརྡ་བཏང་འདུག

ཕྱི་ལོ་༢༠༡༡ ལོར་ཉི་ཧོང་གི་བྱང་ཤར་ཁུལ་དུ་ས་ཡོམ་ཤུགས་ཚད་རིམ་པ་༩ ཅན་ཞིག་བརྒྱབ་པ་དང་། དེའི་རྗེས་ཀྱི་ཆུ་ཚོད་གཅིག་མ་ཟིན་ཙམ་དུ། མཚོ་རླུང་ཤུགས་ཆེན་མང་པོ་བརྒྱབ་ནས། མི་གྲངས་ཁྲི་གཅིག་དང་ལྔ་སྟོང་ལས་མང་བ་ཤི་ཡོད་པ་དང་། ཁང་རྩེག་འབུམ་གཅིག་དང་ཁྲི་གཉིས་ལས་མང་བ་རྩ་མེད་ཆགས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།