འཇར་མན་རུ་ཁག་འཛམ་གླིང་རྐང་སྤོལ་འགྲན་སྡུར་ནས་ཕྱིར་ཕུད་སོང་།

ད་ལྟའི་ཆར་རྒྱལ་སྤྱིའི་རྐང་སྤོལ་ལྷན་ཚོགས་ཀྱི་ཐོ་གྲངས་ནང་། ཨང་དང་པོ་ཡིན་མཁན་འཇར་མན་རྐང་སྤོལ་རུ་ཁག་དེ། འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་རིམ་པ་དང་པོའི་ནང་གྲུབ་འབྲས་མ་ཐོན་ནས་ཕྱིར་ཕུད་སོང་བས། མི་མང་པོ་ཞིག་ཧང་སངས་ཡོད་པ་རེད།

ཟླ་༦ པའི་ཚེས་༢༧ ཉིན་ཨུ་རུ་སུར་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་རྩེད་འགྲན་ནང་། ད་བར་འཛམ་གླིང་རྐང་སྤོལ་འགྲན་སྡུར་གྱི་མཐའ་མའི་རྒྱལ་ཁ་ཐེངས་༤ ལེན་མྱོང་མཁན་འཇར་མན་རུ་ཁག་དང་ལྷོ་ཀོ་རི་ཡའི་རུ་ཁག་གཉིས་བར་རྩེད་འགྲན་བྱས་ཡོད་པ་དང་། མཐའ་མའི་གྲུབ་དོན་དུ་ལྷོ་ཀོ་རི་ཡས་སྤོ་ལོ་གཉིས་བླུགས་ནས་རྒྱལ་ཁ་བླངས་ཡོད་པ་དང་། འཇར་མན་རུ་ཁག་ཕམ་སོང་། འཇར་མན་རུ་ཁག་གིས་ད་བར་རིམ་པ་དང་པོའི་རྩེད་འགྲན་གསུམ་རྩེས་པ་ལས་སྐར་མ་༣ མ་གཏོགས་ཐོབ་མེད་པས། རིམ་པ་གཉིས་པར་འགྲོ་མ་ཐུབ་པར་ཕྱིར་ཕུད་ཡོད་པ་རེད། ཕྱི་ལོ་༡༩༣༨ ནས་ད་བར་འཇར་མན་རུ་ཁག་རྩེད་འགྲན་རིམ་པ་གཉིས་པར་འགྲོ་མ་ཐུབ་པ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་འདུག

ལྷོ་ཀོ་རི་ཡའི་རུ་ཁག་གིས་འཇར་མན་རུ་ཁག་ཕམ་བཅུག་ཡོད་པ་དེ་ནི། ད་བར་ཨི་ཤེ་ཡའི་རུ་ཁག་ཅིག་གིས་འཇར་མན་རུ་ཁག་ཕམ་བཅུག་པ་ཐེངས་དང་པོ་ཡིན་འདུག འོན་ཀྱང་ལྷོ་ཀོ་རི་ཡས་རིམ་པ་དང་པོའི་རྩེད་འགྲན་གསུམ་ལས་སྐར་མ་༣ ལས་ལེན་ཐུབ་མེད་པས་རིམ་པ་གཉིས་པར་འགྲོ་ཐུབ་མེད་པ་རེད། རྒྱལ་ཁ་དེ་ནི་མི་མང་པོའི་ཚོད་དཔག་བྱས་མེད་པ་ཞིག་ཡིན་པ་རེད།

འཛམ་གླིང་རྐང་སྤོལ་འགྲན་སྡུར་ཐེངས་༢༡ པ་དེ་ཨུ་རུ་སུར་ཟླ་༦ པའི་༡༤ ཉིན་ནས་འགོ་འཛུགས་བྱས་ཡོད་པ་དང་། རུ་ཁག་༣༢ མཉམ་ཞུགས་ཀྱིས་མཐའ་མའི་རྩེད་འགྲན་དེ་ཟླ་༧ པའི་ཚེས་༡༥ ལ་བྱེད་རྒྱུ་ཡིན་པ་རེད། །

གསར་འགོད་པ་སྐལ་བཟང་དོན་གྲུབ།