ཡུན་རིང་འགོར་རྗེས་ཀྱི་ཁ་པར་ནང་གི་སྐད་ཆ།
སྐུད་པའི་སྣེ་མོ་གཞན་དུ་ཁོ་རང་ཡོད།།
སྣེ་གཅིག་ང་ཡིས་འཇུས་དེ་ཨ་རོགས་ཞེས།།
ཁྱེད་བདེ་ང་བདེ་འགོ་ཡི་བཟུང་མ་ཐག།
ཕན་ཚུན་བདེ་མོ་ཡིན་པའི་ལན་ཞིག་འབྱོར།།
མགྱོགས་ཤིང་མྱུར་བ་དེང་རབས་གློག་གི་སྐུད།།
དལ་ཞིང་ལྷོད་པ་སེམས་ཀྱི་སྙིང་གཏམ་དག།
ཕར་ལ་བཤད་ཀྱང་ཚུར་ལ་ཉན་དུས་སུ།།
ལོ་མང་མ་ཐུག་སྐྱོ་བ་དེ་ནས་སངས།།
འཚོ་བ་ངན་ངོན་ཞིག་ལ་རོལ་དུས་དེར།།
ཁང་སྐོག་ནག་པོ་ཞིག་དུ་འཛོམ་ས་དེར།།
སྣ་འདུས་གྲོགས་ཀྱི་རེ་སྨོན་གླེང་དུས་དེར།།
དངོས་ནས་རྨི་ལམ་འདི་འདྲ་གང་ན་ཡོད།།
དེ་རིང་ཁོ་རང་ནུབ་ཕྱོགས་ཨ་རིར་ཡོད།།
ང་རང་དཀྱིལ་དབུས་ཕྱི་གླིང་གྲོང་དུ་ཡོད།།
བར་ཐག་ལེ་བར་སྟོང་ཕྲག་ཡོད་ན་ཡང་།།
ལས་ཀྱི་ངོ་བོ་གཅིག་པ་མི་གཡོག་རེད།།
ཡོང་བབས་དངུལ་གྱི་འཛང་ཐང་མི་གཅིག་གི།
སྐད་ཀྱི་གདངས་དེ་ཀློག་ཐེངས་མི་འདྲ་གི།
ཡིན་ཡང་ངེད་གཉིས་སྐད་ཀྱི་གདངས་དེ་ནི།།
གང་དུ་བསྡད་ཀྱང་བོད་སྐད་རྣལ་མའི་ཚིག།
རྗེས་སུ་ག་ལེར་དྲ་ཚིགས་གང་ས་ནས།།
བོད་ཀྱི་ཡི་གེ་བྲིས་དེ་འབྲེལ་བ་བྱེད།།
གནད་དོན་གལ་ཆེན་འཕྲད་དུས་ཁ་པར་རྒྱགས།།
རེ་ཞིག་འདི་ནས་བདེ་མོ་བཞག་པ་ཡིན།།