ཉིན་ཁ་ཤས་རིང་དུ་བདེ་མོ་བྱོས།

ང་ཚོ་འདིར་གནས་པའི་བོད་རིགས་ཁྱིམ་ཚང་ཁ་ཤས་ཤིག་འགྲོག་ནས་སྤྲོ་གསེང་དུ་འགྲོ་བཞིན་ཡོད་ལ། ན་ནིང་དེར་སོང་ནས་ང་ཚོ་དངོས་ནས་སྐྱིད་པོ་བྱུང་། གློག་དང་གློག་ཀླད་ཁ་པར་སོགས་གང་ཡང་བེད་སྤྱོད་བྱེད་མི་ཐུབ་པའི་ས་གནས་ཤིག་ཡིན། ས་གནས་དེར་ང་ཚོ་གདོད་མིའི་ལུགས་སྲོལ་ལྟར་རས་གུར་ཆུང་ཆུང་རེ་ཕུབ་ནས། སྟབས་བདེ་བའི་ཁ་ལག་རེ་བཟོས་དེ། སྤྲོ་གསེང་བྱེད་རྒྱུ་ཡིན། སྤྲོ་གསེང་དེ་ན་ངེད་ཅག་གིས་མེ་ཕུང་གི་སྐོར་བྲོ་དང་། སྤུ་རག་གི་བཟི་ཁ། སྙིང་གཏམ་གྱི་ལབ་གླེང་བྱེད་ངེས་ཡིན།
སྤྱིར་ན་གཞན་ཡུལ་ནས་རང་ཡུལ་ལྟ་བུའི་སྤྲོ་སྣང་ཞིག་ཁག་པོ་ཡིན་ཡང་། སྤུན་ཟླ་ལྷན་འདུས་ཀྱི་སྣང་བ་དེས་རང་ཡུལ་གྱི་གོམ་གཤིས་དང་རང་ཡུལ་གྱི་སྣང་བ་སོགས་ལ་རྗེས་དྲན་བྱེད་ཐུབ་ལ། དུས་ཐུང་གི་སྤྲོ་སྐྱིད་ཅིག་གི་ཕན་ཚུན་གྱི་སྐྱིད་སྡུག་ལྷོད་ལྷོད་ཀྱིས་ཁ་བརྡ་བྱེད་ཆོག་པ་ཡིན། ང་ཚོས་རང་རང་གི་ཕྲུ་གུ་ཚོའི་མ་འོངས་པ་གླེང་ངེས་ཡིན་ལ། རང་རང་གི་མི་རིགས་ལ་བཅིངས་པའི་བརྩེ་སེམས་ཀྱང་ལྷུག་པོར་བརྗོད་ཐུབ། འོན་ཀྱང་། ཚང་མ་ལག་ལེན་དུ་འཁེལ་ཐུབ་མིན་དེ་ནི་སྐྱེ་བོ་སྒེར་སོ་སོའི་འབད་བརྩོན་དང་གྲུབ་འབྲས་ལ་རེག་ལས་པ་དེ་ནི་བཤད་ཅི་དགོས།
ད་གཟོད་དེ་རིང་ང་ཚོ་ལམ་དུ་ཆས་བཞིན་ཡོད། ཆས་ཤུལ་དུ་ཉིན་ཁ་ཤས་རིང་ལ་ང་རང་དྲ་ཐོག་གི་སྤུན་ཟླ་ཚོ་དང་ཉིན་ཁ་ཤས་རིང་དུ་སྐྱིད་སྡུག་མཉམ་གླེང་གི་བསམ་ཚུལ་སྤེལ་མ་ཐུབ་ཀྱང་། ང་རང་སེམས་པ་དུས་རྒྱུན་དུ་དྲ་ཐོག་གི་སྤུན་ཟླ་རིགས་ཞེན་ཅན་ཁྱེད་ཅག་གི་ལྷན་དུ་ཡོད། བཟང་ངན་ཡག་ཉེས་གང་ཞིག་གླེང་ན་ཡང་། ང་ཚོས་རང་གི་ཉམ་མྱོང་དང་། མ་འོངས་བོད་ཀྱི་འཆི་གསོན་གླེང་གི་ཡོད་དུས། གླེང་སྟངས་ཀྱི་ཆ་ལ་ཡང་མི་རེ་ཡི་རྣམ་དཔྱོད་དང་། ཁོར་ཡུག་དང་བསམ་བློའི་བབས་དང་བསྟུན་ནས་གླེང་གི་ཡོད་དུས། ཚང་མ་འདྲ་མཉམ་ཞིག་མི་ཡོང་ན་ཡང་། ཚང་མས་བོད་དུ་ཕྱོགས་པའི་རིགས་ཞེན་དེ་ནི་ནམ་ཡང་གཙང་མ་ཡིན། ང་རང་མེད་ཤུལ་གྱི་ཉིན་མ་ཁ་ཤས་རིང་དེར་ཁྱེད་ཅག་གིས་བོད་དོན་གྱི་སྐོར་དང་། སྐྱེ་བོ་སྒེར་གྱི་ཉིན་རེའི་དགའ་སྐྱོ་ཆགས་སྡང་། འགྲུལ་བཞུད་ཟིན་ཐོ། ཚོར་བའི་སྙན་ངག  དྲན་ཤིང་དང་འུ་ཐུག་པའི་སྐབས་ཀྱི་སྣང་བརྙན་སོགས་དྲ་ཐོག་ནས་རྒྱུན་མ་ཆད་པར་གླེང་རྒྱུར་བདག་གིས་རེ་སྐུལ་ཞུས་པ་ཡིན།