༄༅ ། །རྨོང་མུན་གཉིད་ལས་བསླངས་པའི་ཅོང་བརྡ། །
འདི་ན་དྲང་དོན་རང་རིགས་ལ་རྒྱ་གླེང་མཁན་མཚན་མོའི་རྒྱུ་སྐར་གྲངས། །
ངེས་དོན་རང་དབང་རྩོད་ལེན་བྱེད་མི་ཉིན་མོའི་སྐར་མའི་གྲངས་ལས་དཀོན། །
སྣ་ཚོགས་འཁྲབ་སྟོན་བྱེད་པའི་བར་ན་གངས་རིའི་ཚེ་སྲོག་ཆད་ལ་ཉེ། །
ཉལ་རན་མ་ཡིན་རང་རིགས་སྤུན་ཟླ་ལ་རྒྱའི་རྟ་ཕོར་ལྕགས་ཀྱིས་སྐུལ། །
རྒྱལ་བས་གསེར་ཞལ་དྲོན་མོ་བཞུགས་སྐབས་གངས་རིའི་གཟི་བྱིན་མཁར་འཐིམས་ཀྱང༌།
དྲི་མེད་གསུང་གིས་ཐ་ཚིག་རེ་རེར་གཡོ་སྒྱུའི་བསླད་པས་ནོར་ལ་བརྗེས། །
རིན་བྲལ་རིན་ཆེན་གསེར་ལས་དཀོན་པའི་གང་གིས་བཀོད་པའི་སྡོམ་ཚིག་དག །
རྡོག་རོལ་གཏོང་བའི་ངང་ཚུལ་མཐོང་དུས་མཆི་མའི་ཆར་རྒྱུན་དབང་མེད་བབས། །
ཁ་འཇམ་ཁོག་རྩུབ་གཡོ་དཀྲུག་སྐྱུར་མོས་བོད་མིའི་ཕུགས་འདུན་རྨང་ནས་གཏོར། །
གཡོ་སྒྱུ་ཟོལ་ཟོག་བསླུ་བྲིད་ཚིག་གིས་བར་མེད་ཆར་གྱི་དོ་ཟླར་བསྒྲུན། །
དྲིན་གྱི་བསྐྱངས་བའི་གཞུང་དང་དམངས་ཀྱིས་རེ་བའི་འདུན་པ་རླུང་ལ་བསྐུར། །
ཆལ་ཆིལ་གཟན་པའི་སྐྱེ་བོའི་གཤིས་ལས་མཐོང་བའི་མོད་ལ་ཞེན་པ་ལོགས། །
རང་དོན་ཁེ་སྤོག་རྩོད་ལེན་བར་ནས་དུས་ཀྱི་རིན་ཐང་བགྲངས་རྒྱུ་བརྗེད། །
སང་སྒྲུབ་གནངས་བཤད་འཐེན་འཁྱེར་བར་ན་ལོ་ཟླའི་ཁུག་པ་བཞུད་དུ་བཅུག །
ཁྱོད་ཕམ་ང་རྒྱལ་འགྲན་རྩོད་ཁྲོད་ན་བསླུ་བྲིད་སྟོང་གི་དོ་ར་བསྐྲུན།།
ཆད་ལ་ཉེ་བའི་གངས་རིའི་བླ་སྲོག་མཐུད་པའི་རེ་བ་ཡོངས་སུ་ཟད།།
བོད་དང་བོད་མིའི་ལས་དབང་མི་བསམ་ཐོབ་ཤོར་སྟོང་གིས་མལ་དུ་ལུས།།
མགོན་དང་གཉེན་ལ་དྲིན་ལན་མི་འཇལ་གཡོ་ཧམ་བརྩེགས་མའི་མགོ་བོ་བསྐོར། །
ཡབ་དང་མེས་པོའི་རྗེས་སུ་མི་འབྲང་ལྟ་སྤྱོད་གཏད་མེད་རླུང་ལ་བསྐུར། །
དྲང་བདེན་སྟོང་གི་ལམ་ཁ་མི་སྙོག་རྫུན་དང་གཡོ་སྒྱུའི་ཟློས་གར་འཁྲབས། །
ཐོབ་དང་གོ་སར་མགོ་བོ་འཁོར་ནས་ཕུགས་བསམ་དཀར་པོ་རྡོ་ལ་བརྡབས། །
དགྲ་དང་གྲོགས་གཉིས་དབྱེ་འབྱེད་མ་ཤེས་རང་ཤ་དམར་པོ་ཁྱི་ལ་སྦྱིན། །
ཁ་དོན་འགལ་བའི་ཟློས་གར་འཁྲབ་བཞིན་གང་མཛེས་གང་འཇོན་རྗེས་སུ་རྒྱུག །
རང་ཚུགས་མེད་པ་ནོར་སྐྱོ་ཅི་བཞིན་ཕ་གཞིས་བཙོང་ན་ལ་ཐང་མེད། །
སྒམ་ཚིགས་ལྡན་པའི་ཉམས་མྱོང་བཤད་ཀྱང་འདས་སོང་ལོ་རྒྱུས་སུའི་མི་ཤེས།།
ངུ་མ་བགད་ཀྱི་བསླུ་གཏམ་བཤད་ཀྱང་རྐུབ་སྟེགས་རྩོད་པ་ཀུན་གྱིས་རྟོགས།།
གྲུང་ཉམས་དོད་པོའི་ཧམ་བཤད་བྱས་ཀྱང་འཇོན་ཐང་མེད་པ་ཡོངས་སུ་གྲགས།།
གསུམ་ལྡན་མཁས་པའི་དབང་པོ་ཁོང་ལ་བོད་མིའི་རེ་འདུན་བཅོལ་མ་བཏུབ།།
ཆེན་པོའི་གོ་ས་གང་མང་ཐོབ་ཀྱང་ལ་རྒྱའི་དཔའ་མཁར་བསྟོད་མཁན་མེད། །
མཐོན་པོའི་རྐུབ་སྟེགས་ཡུན་རིང་བཟུང་ཡང་བོད་ལ་ཕན་པའི་ལས་མ་བྱས།།
རང་དོན་བསྒྲུབ་ལ་འཇོན་ཐང་ཆེ་ཡང་གང་གིས་ཐུགས་བཞེད་སྒྲུབ་མི་དབེན། །
འཐེན་འཁྱེར་ཕྱོགས་ཞེན་བྱེད་ལ་དཔའ་ཡང་ཕྱི་ལ་རྒོལ་ལན་སྤྲོད་མཁན་ཉུང་།།
ཕྲག་དོག་དུག་གིས་ཚིག་མཚོན་མ་ཡིན་དོན་དངོས་མྱངས་བའི་འཁྲབ་སྟོན་དང༌། །
གུ་ཟུག་དོག་པོས་སྐྱོན་བརྗོད་མིན་པར་སྙིང་ལ་བཏོད་པའི་རྨ་ཁ་དངོས། །
གཞན་རྗེས་འབྲངས་ཏེ་ལད་ཟློས་ཀྱང་མིན་སེམས་ཀྱི་སྟོང་ཆ་ཁེངས་ཕྱིར་དུ། །
གཡོ་ཟོལ་དབེན་པའི་སྡོམ་ཚིག་འདི་ཡིས་རྨོངས་པའི་གཉིད་ལས་བསླངས་བར་སྨོན། །
གདོང་དམར་སྤུན་ཟླའི་ལུས་དབང་དྲན་ཚེ་ཟོལ་བསྟོད་སྙན་ངག་འབྲི་མ་སྤོབ། །
འཁྲབ་ཚན་མང་པོའི་རྒྱབ་ལྗོངས་རྟོགས་དུས་ཡོད་ཚད་ཁོག་དུ་སྦུས་མ་འདོད།།
གང་དང་གང་གིས་སྐུ་དྲིན་བསམ་ནས་དྲང་བདེན་མིན་པ་གླེང་མ་ཕོད།།
དེ་ཕྱིར་སྣ་ཚོགས་འཁྲབ་གཞུང་འདི་དག་བོད་མི་ཀུན་གྱིས་རྟོགས་གྱུར་ཅིག།
བོད་དུང་བས།