དྲོད་ཁོལ་ཡས་བའི་བསམ་གཞིག་གི་ལོ་རྒྱུས་རིང་མོ།།
ཕ་སར་མི་རྩོད་ནང་སོར་རྩོད་པའི་ཆོལ་ཁའི་བཤད་ཡམ་ཇེ་ཕྱུག་གིས།།
བྲོ་བས་སྟོར་བའི་ལྷོ་མཐའི་གྲུ་ཁར་སྙིང་དམར་གཅེན་བུའི་གཏམ་རྒྱུད་བྲིས།།
དངུལ་གྱི་བྱད་ཁ་རུས་རྐང་ཐིམ་པས་རྒྱ་ཡི་ཚོང་སྒོ་སྔར་ལས་རྒྱུག།
ལྟོ་ཁར་རྩོད་པའི་ཁྱི་སྤྱང་བསླུས་ཏེ་ལྷིང་འཇགས་རྨི་ལམ་སུན་སྣང་བཟོས།།
མིག་ལ་བཏད་པའི་མདའ་སོ་རྣོན་པོས་རིགས་རུས་སེམས་ལ་པར་རྗེས་བཞག།
འོད་སྣང་སྐྲག་ཏེ་སྨག་རུམ་བྱིངས་ནས་སྒྱུ་མའི་གཡར་ཁང་འདར་སིག་གིས།།
ལྟ་ཚུལ་གསར་པའི་གླུ་ངག་གྱེར་དུས་སྨུག་པའི་བྱིངས་ནས་རྣ་བར་གཏད།།
བདག་མེད་འཁྱམ་པའི་བུ་རབ་ཚ་རྒྱུད་རྩ་གཏོར་རྨི་ལམ་རྨིས་འགོ་བརྩམས།།
ཁ་ཙང་གཏམ་རྒྱུད་ཞེ་ལ་གཟས་དུས་ལོ་རྒྱུས་འཆབ་པོ་གཏེར་དུ་སྦས།།
མི་རིགས་འདི་ཡི་དར་རྒུད་གླེང་གིན་བཙན་པོའི་ཁ་ཆེམས་རླུང་ལ་བསྐྱུར།།
རྒྱ་གྲོང་ཉུལ་བའི་སེམས་འདུན་དྲོད་མོས་གནམ་གྱི་རྒྱལ་མོར་ཀླན་ཀར་བཙུགས།།
རུས་རྐང་ཆགས་པའི་ཤ་ཚིལ་ཁྲག་གིས་ལོ་རྒྱུས་བདག་པོའི་དཔང་པོ་བཞེངས།།
ཕྱིར་བསྣུར་མེད་པའི་འཁྲབ་ཚན་འདི་ཡིས་སྲིད་ཇུས་དམར་པོའི་དར་ཆེན་འགྱེལ།།
ཕུག་རོན་ཞིག་གི་འོད་སྣང་གླེང་སྟེ་སྐད་ཆ་གསར་པའི་གླེང་གཞིར་ཕབ།།
ཆོ་འཕྲུལ་མིན་པའི་ཡོ་ལང་འདི་ཡིས་ཁ་མིག་སྟོང་ལ་རྨ་ཁར་ཟོས།།
མེད་མུག་གྱུར་པའི་གཏམ་རྒྱུད་ཁྲོད་ནས་ཤ་རུས་བཀར་བའི་གཏན་ཚིགས་འདིས།།
མེས་པོའི་རྣམ་ཤེས་སྲོག་ཏུ་ཞུགས་པའི་ཁྲི་ཕྲག་དཔའ་བོའི་མཛད་རྗེས་ལ།།
མུ་མེད་མགྲོན་པོས་ས་མཐའ་ཞིག་ནས་སྐྱོ་བའི་མིག་ཆུའི་ཐིགས་པས་བྲིས།།
ཕྱི་ལོ་༢༠༡༠ཕྱི་ཟླ་༡༠ཚེས་༡ཉིན་བྲིས།