དུས་བཞིའི་བསུ་མ།

 དབྱར་སྦྲང་ཆར་སིལ་མ་ལྷབ་ལྷུབ་འབབ།།

ཕྲ་མེ་ཏོག་སྣ་ལྔ་བཞད་པའི་དུས།།

ང་གངས་ཅན་བོད་པའི་འདྲེན་བྱེད་དུ།།

གསལ་ལྷམ་མེར་ཁྱོད་སྐུ་མཇལ་ལ་བྲེལ།།

 

སྟོན་ཟླ་བ་གླིང་བཞི་ཀུན་ཏུ་འཕྲོས།།

འབྲུ་ཡོད་ཚད་འབྲས་བུ་སྨིན་པའི་དུས།།

ང་གངས་ཅན་བོད་པའི་སེམས་ཁོང་ནས།།

ལམ་དབུ་མའི་འབྲས་བུ་སྨིན་ལ་བྲེལ།།

 

དགུན་ཁ་བ་མཐོ་སྒང་བོད་ལ་འབེལ།།

ཤར་གྲང་ངར་བུ་ཡུག་འཚུབ་པའི་དུས།།

ང་གངས་ཅན་བོད་པའི་སྨོན་འདུན་དུ།།

ཁྱེད་ཕེབས་པའི་དྲོད་ཁོལ་བསུ་ལ་བྲེལ།།