ཨ་རྒྱ་གཉིས་སླར་ཡང་ཚོང་འབྲེལ་གྲོས་མོལ་བྱ་རྒྱུའི་མོས་མཐུན་བྱུང་འདུག 

དེ་རིང་སྟེ་ཕྱི་ཟླ་དྲུག་པའི་ཚེས་༢༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལ། ཉི་ཧོང་གི་གྲོང་ཁྱེར་ཨོ་ས་ཁ་(Osaka) རུ་འཚོགས་པའི་སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་འདུའི་(G20 summit) ཐོག ཨ་རི་དང་རྒྱ་ནག་གཉིས་ཀྱིས་སླར་ཡང་ཚོང་འབྲེལ་གྲོས་མོལ་བྱ་བའི་མོས་མཐུན་བྱས་ཏེ། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་ཚོང་དམག་མཚམས་འཇོག་རྒྱུའི་རེ་བ་དང་རྣམ་པ་བསྟན་འདུག

ལོ་གཅིག་འགྲོ་ལ་ཉེ་བའི་ཨ་རྒྱའི་ཚོང་དམག་ནང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ནང་འདྲེན་ཚོང་ཟོག་ཐོག་ཨ་སྒོར་ཐེར་འབུམ་མང་པོའི་ཁྲལ་འཇལ་རེས་བྱས་ཏེ་གོ་ལའི་ཐོན་སྐྱེད་ཚོང་ལམ་དང་ཁྲོམ་རྭ་དཀྲུགས་པ་མ་ཟད། གོ་ལའི་དཔལ་འབྱོར་གྱི་འཕེལ་རྒྱས་ཀྱང་དལ་དུ་བཏང་ཡོད།

ཉེ་ཆར་ཨ་རིའི་སྲིད་འཛིན་ཊོམ་ཕི་ཡིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཚོང་ཟོག་ལ་ཨ་སྒོར་ཐེར་འབུམ་༣༠༠ ཡི་ཚོང་ཁྲལ་སྣོན་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་མོད། འོན་ཀྱང་ཨོ་ས་ཁ་ཡི་ཚོགས་འདུའི་རྗེས་ལ། ཁོང་གིས་ཨ་རིའི་སྲིད་གཞུང་ནས་ཚོང་ཁྲལ་འཕར་མ་དེ་སྣོན་རྒྱུ་མིན་པ་དང་། “གནས་སྐབས་རིང་”པེ་ཅིང་སྲིད་གཞུང་དང་མུ་མཐུད་གྲོས་མོལ་བྱ་རྒྱུ་ཡིན་པའི་སྐོར་བརྗོད་འདུག

དེ་ཡིས་མ་ཚད་ཨ་རིའི་སྲིད་འཛིན་གྱིས་ད་རུང་དེ་སྔོན་བདེ་འཇགས་ལ་བརྟེན་ནས་ཨ་རིའི་ཚོང་ལས་ཁང་རྣམས་ལ་རྒྱ་ནག་གི་བཟོ་ཚོང་ཁང་ཨ་ཝེ(Huawei)ནས་ཉོ་ཚོང་བཀག་འགོག་བྱས་པ་དེ་མེད་པ་བཟོས་ནས་མུ་མཐུད་ཉོ་ཚོང་བྱས་ན་ཆོག་པའི་སྐོར་ཁྱབ་བསྒྲགས་བྱས་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན།