ས་ཡ་དྲུག་གིས་སེམས་ངོགས་ན་རྟག་ཏུ་འཚེར་བའི་མུན་ཁྲོད་ཀྱི་ལྷ་ཟླ་དཀར་བོ། །
ཁྱེད་ལ་བསྡོད་བསྔགས་གླུ་ཡི་ཅི་བྱ་སངས་རྒྱས་དངོས་ལས་གཞན་མི་སེམས།།
ཟང་ཟིང་མཆོད་པའི་དེ་བས་ཅི་བྱེད་གཟུང་འཛིན་མཚན་མ་རིང་ནས་སྤང་།།
འོན་ཀྱང་ཁྱེད་ཐུགས་ཆབ་རྒྱུན་བསིལ་མོས་བདག་ཡིད་ཞི་བས་རབ་བརླན་པའི།།
མ་བཅོས་སེམས་ཀྱི་བསྟོད་ཚིག་གྲུ་ཆར་དབང་མེད་མགྲིན་ལས་འདི་ལྟར་བརྡོལ།།
བསྐལ་མང་སྔོན་ནས་ལས་སྨོན་ཞིག་གིས་བསོད་ནམས་དམན་པའི་གངས་ལྗོངས་སུ།།
ཤར་ནས་རླུང་དམར་དྲག་ཏུ་ལྡང་བས་གངས་རིའི་ལྷིང་འཇགས་རྨང་ནས་གཏོར།།
བསིལ་ལྡན་འཛིན་མའི་ཁོར་ཡུག་ཀུན་ཏུ་ཇག་ཚོགས་སྟོང་གིས་ཧབ་ཆ་སྒྲོག །
དེ་ཚེ་ཁྱེད་ནི་དྲག་མཚོན་ཁྲོད་ནས་ནུབ་ཕྱོགས་འཕགས་ཡུལ་ཞབས་ཀྱིས་བཅགས།།
དུས་འགྱུར་ནག་པོའི་དཀྱོག་མཚམས་དེ་ནས་ཁ་བ་དཀར་པོའི་རླུང་རྟ་ཆག །
དམར་ནག་ཁྲག་ཆར་ལོ་ཟླའི་ཁྲོད་ནས་ཁྱེད་ཉིད་གཅིག་པུས་ཕ་མཁར་བཟུང་།།
ཁྱི་སྤྱང་སྟོང་གིས་ངུ་སྐད་སྒྲོག་ཀྱང་ཁྱེད་ཀྱི་བ་སྤུའི་རྩེ་མ་གཡོས།།
ས་ཡ་དྲུག་གི་ཚེ་སྲོག་ཆེད་དུ་གྲངས་མེད་འོ་བརྒྱལ་ཁྱེད་ཀྱི་མྱངས།།
སངས་རྒྱས་ཀྱིས་ཀྱང་མཆོག་ཏུ་བསྔགས་པའི་འགྲོ་ཀུན་ཞི་བདེའི་ལམ་བཟང་ཞིག །
ཤར་ནུབ་དུས་ཀྱི་དབྱེ་མཚམས་མེད་པར་ཕྱོགས་མཐར་སྤེལ་བ་སྐྱེ་རྒྱའི་མགོན།།
རིས་མེད་དབུ་མའི་ལམ་གྱི་ལྟ་གྲུབ་དམུ་རྒོད་སེམས་སུ་ལེགས་འཁྲུང་ཆེད་།།
རླབས་ཆེན་ཀུན་ཕན་མཛད་རྗེས་རེ་རེ་འཛིན་མའི་ཐེགས་པ་རོ་མཚར་ཆེ།།
ཉམ་ཆུང་བོད་མིའི་མ་མ་ཁྱེད་ནི་མི་འདོད་རྒྱང་རིང་ཡུལ་གྱལ་ཚེ།།
བསོད་ཟད་གངས་ཕྲུག་ས་ཡ་དྲུག་གིས་ལག་ཟུང་སྙིམ་པ་ཁྱེད་ལ་སྦྱར།།
གཞིས་ལུས་ཉམ་ཐག་བགྲེས་གཞོན་ཀུན་གྱིས་ཁྱེད་ཞལ་ཟླ་བ་དཀར་པོའི་དཀྱིལ།།
མཇལ་བའི་རེ་འདུན་སྙིང་ལ་ལྕི་ཕྱིར་འོ་འདོད་སྟོང་གིས་ས་ཆེན་འདར།།
ཅི་ཡང་མེད་པའི་བོད་མི་མཐོང་ཚེ་སུ་ཡིས་སྐྱོང་བར་མི་འདོད་ལ།།
དམར་པོའི་གཡོ་གཏམ་ཧམ་བཤད་དག་ལ་སུས་ཀྱང་བཟོད་སྒོམ་མི་ནུས་མོད།།
འོན་ཀྱང་ཁྱེད་ཀྱིས་བྱམས་བརྩེ་ཟབ་མོས་གཉེན་དག་ལྟ་ཅི་དགྲ་ཡང་ནི།།
མི་མཐུན་རྒུད་པའི་གཡང་ནས་སྒྲོལ་མཛད་ཁྱེད་ནི་བློ་ལྡན་སུས་མི་བསྔགས།།
ཡུལ་གྱལ་གདུང་དམར་སྤུན་ཟླ་ཡོངས་ཀྱིས་རེ་བའི་མིག་ཟུང་ཁྱེད་པ་གཏད།།
གཞིས་ལུས་ཁྲག་ཆར་ལོ་ཟླའི་ཁྲོད་ནས་མིག་ཆུའི་མཆོད་ཁ་ཁྱེད་ལ་འཕངས།།
ཕྱོགས་བཞིར་འཁྱམས་པའི་རིང་རིགས་སྤུན་ཟླའི་ཡོད་ཚད་རེ་བ་ཁྱེད་བ་བཅངས།།
མདོར་ན་ཁྱེད་མཚན་ཆོལ་གསུམ་བོད་མིས་བགྲངས་བགྲངས་མགྲིན་པ་ཟད་ལ་ཉེ།།
བོད་མིའི་ཚེ་སྲོག་ད་དུང་མ་ཆད་གཡོ་ཟོལ་སྟོང་གི་ཧྲག་བར་ན།།
འོ་འདོད་གཉོམ་པོའི་སྨྲེང་གླུ་ལེན་བཞིན་སྡུག་གི་མཁུན་སྒྲ་ཁོག་ཏུ་སྦས།།
གངས་ལྗོངས་འཛིན་མའི་དཔལ་ཡོན་མ་ལུས་སླར་བསྐྲུན་སྐལ་བཟང་དུས་ཚེས་ལ།།
ཐབས་མཁས་སྤྱོད་པའི་མྱུར་དུ་ཕེབས་དེ་རྫོགས་ལྡན་གསར་པའི་དཔལ་རྩོལ་ཅིག །
མི་འགྱངས་མྱུར་མོར་སྭ་ལེའི་ལྗོངས་སུ་ཆིབས་ཀྱི་ཁ་ལོ་དལ་བསྒྱུར་ནས།།
ཞབས་པད་རྡོ་རྗེའི་ཁྲི་འཕངས་མཐོན་པོར་མི་འགྱུར་རྟག་བརྟན་བཞེད་པའི་དོན།།
མ་ལུས་ཀུན་ཕན་མཛད་འཕྲིན་གེགས་མེད་མཐར་ཕྱིན་རྫོགས་ལྟན་གསར་བ་ཞིག །
བསིལ་ལྡན་ཁ་བའི་ལྗོངས་སུ་བསུས་ཏེ་ཆོལ་གསུམ་དགའ་བའི་དཔལ་རྩོལ་ཀྱེ།།
བོད་དུང་བས།