བོད་ཀྱི་སྤྱི་ཚོགས་ཁྲོད་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་འགོག་ཐབས་ཀྱི་ལས་འགུལ།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟ་གནས་ཁང་གིས་བུ་མོ་དང་བུད་མེད་ལ་འཚེ་བའི་རིགས་མཐའ་དག་གཏན་འགོག་ཡོང་ཐབས་ཆེད་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལོ་འཁོར་ལས་འགུལ་ཆེན་མོའི་ནང་མཉམ་ཞུགས་བྱེད་པའི་མཛད་སྒོ་སྤེལ་སོང་།
ཟླ་འདིའི་ཚེས་ ༢༥ ཉིན་དྷ་སའི་ནོར་བུ་གསོལ་མགྲོན་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ངོས་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལོ་འཁོར་ལས་འགུལ་ཆེན་མོ་སྟེ། བུ་མོ་དང་བུད་མེད་ལ་འཚེ་བའི་རིགས་མཐའ་དག་གཏན་འགོག་ཡོང་ཐབས་ཀྱི་ཉིན་༡༦ རིང་གི་ལས་འགུལ་ནང་མཉམ་ཞུགས་བྱེད་པའི་མཛད་སྒོ་ཞིག་འཚོགས་པའི་ཐོག ༧ས་སྐྱ་གོང་མ་རིན་པོ་ཆེའི་“བྱམས་བརྩེའི་བཀའ་སློབ་བརྙན་ཐུང་”དང་། ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བའི་སྐོར་ལ་བཅར་འདྲི་བྱས་པའི་བརྙན་ཐུང་གཟིགས་འབུལ་བྱས་པ་མ་ཟད། སྐྱེས་པས་དངོས་མཐོང་དཔང་པོ་གསལ་བརྗོད་དང་། གནད་དོན་དེ་དང་འབྲེལ་བའི་ཐོག་དྲི་བ་དྲིས་ལན་གནང་སོང་།
དམིགས་བསལ་གྱི་མཛད་སྒོ་དེའི་ཐོག་ཏུ་སྐུ་མགྲོན་གཙོ་བོ་དྷ་ས་གྲོང་སྡེ་གཞུང་གི་སྤྱི་ཁྱབ་པ་ལྕམ་ར་ཇ་ནེ་ཝེ་ཡ་སི་དང་། གྲོགས་མོ་གསར་འཛུགས་ཚོགས་མི་དང་ཕོ་མོ་འདྲ་མཉམ་དོན་གཉེར་བ་བསྟན་འཛིན་དཔལ་ཡོན་གཉིས་ཕེབས་ནས་ཕོ་མོ་འདྲ་མཉམ་གྱི་དཀའ་སྡུག་དང་འབྲེལ་བའི་ཐད་ལ་གཏམ་བཤད་གནང་།
དེ་ཡང་མཉམ་འབྲེལ་རྒྱལ་ཁབ་ཀྱི་ལོ་འཁོར་ལས་འགུལ་ཆེན་མོ་དེ་ཕྱི་ཟླ་༡༡ པའི་ཚེས་༢༥ ཉིན་ཏེ་རྒྱལ་སྤྱིའི་བུད་མེད་ལ་འཚེ་བ་གཏན་འགོག་གི་ཉིན་མོ་ནས་འགོ་བཙུགས་ཏེ་ཕྱི་ཟླ་༡༢ པའི་ཚེས་༡༠ ཉིན་ཏེ་འགྲོ་བའི་ཐོབ་ཐང་ཉིན་མོར་མཇུག་བསྡུ་རྒྱུ་ཡིན་འདུག
ཉིན་གྲངས་༡༦ རིང་གི་ལས་འགུལ་དེའི་སྐབས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ནས་ལྟེ་གནས་ཁང་ནས་ཕོ་མོ་དབྱེ་འབྱེད་ཀྱི་འཚེ་བ་མྱོང་མཁན་བོད་རིགས་བུད་མེད་དང་བུ་མོ་༡༦ གི་མྱོང་ཚོར་དང་འབྲེལ་བའི་བརྙན་ཐུང་༡༦ ཉིན་རེ་བཞིན་སྟོན་རྒྱུ་ཡིན་འདུག བརྙན་ཐུང་དེ་དག་ནི་རྒྱ་གར་དུ་ཡོད་པའི་བོད་མིའི་སྤྱི་ཚོགས་ནང་བླངས་པ་ཞིག་ཡིན་འདུག་ཅིང་། དེ་དག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་ལོ་ཚོད་མ་ཟིན་པའི་བུ་མོ་དང་། བུད་མེད་ལ་བཙན་གཡེམ་གྱིས་མཚོན་པའི་ཕོ་མོའི་ཁྱད་པར་ལ་བརྟེན་ནས་མྱོང་བཞིན་པའི་དཀའ་སྡུག་རྣམས་གསལ་སྟོན་བྱས་པ་མ་ཟད། དེ་ལྟ་བུའི་འཚེ་བའི་ལས་བྱེད་མཁན་གྱི་ཉེས་ཅན་པ་རྣམས་ཉེས་ཆད་མེད་པར་བསྡད་ཡོད་པའི་གནས་སྟངས་ཀྱང་ར་སྤྲོད་བྱེད་ཀྱི་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།