སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་པེ་ཅིང་གི་རྫུན་བསྒྲགས་ལ་ཁ་གཏད་གཅོག་པའི་མོས་མཐུན།
སྟོབས་ཆེན་རྒྱལ་ཁབ་བདུན་(G-7)གྱི་ཚོགས་འདུའི་ཐོག པེ་ཅིང་གིས་རྫུན་བསྒྲགས་དང་འཁྱོག་བཤད་ཀྱིས་ནད་ཡམས་ཀྱི་ངན་ཁག་གཞན་ལ་དཀྲི་ཐབས་བྱེད་བཞིན་པར་ཁ་གཏད་གཅོག་པའི་མོས་མཐུན་བྱུང་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཱ་ཁི་-ཕོམ་ཕོའོ་(Mike Pomeo)ཡིས་བརྗོད་པ་ལྟར་ན། ཟླ་འདིའི་ཚེས་ ༢༥ ཉིན་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཛ་དྲག་ངང་དྲ་ཐོག་ཚོགས་འདུ་ཞིག་སྐོང་འཚོགས་བྱས་པའི་ཐོག རྒྱ་ནག་སྲིད་གཞུང་ནས་“ཆེད་དུ་རྫུན་བསྒྲགས་ཀྱི་བྱ་འགུལ་སྤེལ་”བཞིན་པ་དེར་ཇི་ལྟར་ཁ་གཏད་གཅོག་དགོས་མིན་གྲོས་མོལ་བྱུང་ཡོད་འདུག
ཚོགས་འདུའི་ཕྱི་ཉིན་ཏེ་ཚེས་ ༢༦ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཁོང་གིས་རླུང་འཕྲིན་ཁང་ཞིག་ལ་གྲོས་མོལ་དེའི་སྐོར་གསུངས་སྐབས། སྟོབས་ཆེན་རྒྱལ་ཁབ་བདུན་གྱིས་ཁ་གཅིག་གྲག་གིས་རྒྱ་ནག་གི་རྫུན་བསྒྲགས་ལས་འགུལ་དེ་ཨ་རི་ཙམ་མ་ཟད། ཡུ་རུབ་དང་འཛམ་གླིང་སྤྱིའི་དཀའ་ཉེན་ཞིག་ཡིན་པ་དང་། ཁོ་ཚོས་མཉམ་འབྲེལ་གྱིས་“དེ་ལ་ཁ་གཏད་གཅོད་པའི་མོས་མཐུན་”བྱུང་ཚུལ་བརྗོད་ཡོད་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཁོང་གིས་རྒྱ་ནག་སྲིད་གཞུང་ནས་ངན་ཁག་ལས་གཡོལ་ཐབས་དང་། ཁོ་ཚོ་དཀའ་ངལ་འདི་སེལ་མཁན་གྱི་རྒྱལ་ཁབ་ཅིག་ཡིན་མདོག་སྟོན་ཐབས་བྱེད་པ་ལས། ནད་ཡམས་འདི་ཐོག་མར་བྱུང་བའི་རྩ་བ་ནས་སྐབས་སེལ་བའི་གོ་སྐབས་བླ་ན་མེད་པ་ལྡན་ཡང་དེ་ལྟར་མི་བྱེད་མཁན་གྱི་རྒྱལ་ཁབ་དེ་མ་ཡིན་པའི་རྣམ་པ་སྟོན་ཐབས་བྱེད་བཞིན་ཡོད་སྐོར་གསུངས་འདུག
ཉེ་བའི་བདུན་ཕྲག་འགའི་ནང་། རྒྱ་ནག་གི་འགོ་ཁྲིད་དང་ཚན་རིག་པ་རྒན་པ་འགའ་ཤས་ཀྱིས་ཏོག་དབྱིབས་ནད་ཡམས་སློང་བྱེད་ཀྱི་ནད་འབུ་དེ་རྒྱ་ནག་ནས་བྱུང་བ་མ་ཡིན་པར། ཨ་རིའི་དམག་གིས་རྒྱ་ནག་ཏུ་ཁྱེར་ཡོང་བ་ཞིག་ཡིན་ཚུལ་བརྗོད་ཡོད་པའི་ཐོག པེ་ཅིང་གིས་ཚ་ཚ་འུར་འུར་ངང་རྒྱ་ནག་ནི་ནད་ཡམས་འདིར་ཁ་གཏད་བཅག་སྟེ་བཀག་འགོག་བྱེད་མཁན་གྱི་རྒྱལ་ཁབ་གཙོ་བོ་ཞིག་ཡིན་པའི་རྣམ་པ་སྟོན་བཞིན་ཡོད་པ་དེ།ཉམས་ཞིབ་པ་ཚོས་སྒེར་གཅོད་སྲིད་གཞུང་གི་གཡོ་བྱུས་ཀྱི་ཆ་ཤས་ཤིག་ཡིན་ཚུལ་སྨྲ་ཡི་ཡོད་འདུག
གཞན་ཡང་། ཕྱི་སྲིད་དྲུང་ཆེ་ཁོང་གིས་པེ་ཅིང་ལ་བསྐྱར་དུ་ཕྱི་གསལ་ནང་གསལ་བྱེད་དགོས་པའི་དགོས་འདུན་བཏོན་འདུག་སྟེ། ཁོང་གིས་“འཛམ་གླིང་གིས་འདི་[ནད་ཡམས]ཇི་ལྟར་འགོ་ཚུགས་པ་ཤེས་རྒྱུ་གལ་ཆེན་པོ་རེད། རྒྱུ་མཚན་ནི་ང་ཚོས་ཚེ་སྲོག་སྐྱོབ་པར་ཕྱི་གསལ་ནང་གསལ་ཤེས་དགོས་”ཞེས་བརྗོད་འདུག
རྒྱ་ནག་གི་སྨན་པ་འགས་ལོ་སྔོན་མའི་ཕྱི་ཟླ་ ༡༢ ནང་གྲོང་ཁྱེར་ཝུའུ་ཧན་དུ་འཇིགས་སུ་རུང་བའི་ནད་ཡམས་ཤིག་འབྱུང་བཞིན་པའི་ཉེན་བརྡ་བཏང་རྗེས། ས་གནས་འགོ་ཁྲིད་ཚོས་གལ་གནད་ཀྱི་གནས་ཚུལ་དེ་སྤས་ནས་ཉེན་བརྡ་གཏོང་མཁན་རྣམས་ལ་དྲག་གནོན་བྱས་ཤིང་། དེ་ནས་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་གྲོང་ཁྱེར་དེའི་སྒོ་ཡོངས་སུ་བརྒྱབ་ནས་འགོག་ཐབས་བྱས་རུང་། སྐབས་དེར་ཐོན་དུས་མི་མང་ས་ཡ་ ༥ ཙམ་གྲོང་ཁྱེར་དེ་ནས་ཐོན་ནས་འཛམ་གླིང་གི་ས་ཕྱོགས་གང་སར་བསྐྱོད་ཟིན་པས། ནད་ཡམས་དེ་རྒྱ་ནག་ཙམ་མ་ཟད་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་ལ་ཁྱབ་ཏུ་བཅུག་ནས་ད་ལྟའི་ཆར་འཛམ་གླིང་ཁྱོན་ལ་ནད་པ་འབུམ་ ༥ དང་ཁྲི་ ༥ ཙམ་དང་། རྐྱེན་ལམ་དུ་ཕྱིན་པ་ཁྲི་ ༢ དང་སྟོང་ ༥ མ་ཟིན་ཙམ་ཡོད་པའི་ཐོག ནད་པའི་ཁ་གྲངས་ཉིན་བཞིན་འཕར་དང་འཕར་མུས་སུ་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།