རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལོ་གཅིག་རིང་ཕར་འགྱངས་བྱས་འདུག

རྒྱ་ནག་ནས་ཐོན་པའི་ཏོག་དབྱིབས་ནད་དུག་འཛམ་གླིང་གང་སར་ཁྱབ་བརྡལ་འགྲོ་བཞིན་པ་དང་བསྟུན། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་དེ་ལོ་གཅིག་རིང་ཕར་འགྱངས་བྱེད་རྒྱུ་ཐག་གཅོད་བྱུང་བའི་གསལ་བསྒྲགས་གནང་སོང་།

ཟླ་༣ པའི་ཚེས་༢༧ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་པ་སངས་རྡོ་རྗེ་ལགས་ཀྱིས་ངོ་དེབ་བརྒྱུད་ནས་གསལ་བསྒྲགས་བྱེད་དོན་ལ། འཆར་གཞི་ལྟར་བྱས་ན་འདི་ལོའི་ཟླ་༥ པའི་ཚེས་༣ ཉིན་ནས་རྒྱ་གར་བྱང་ཕྱོགས་རྡེ་ར་རྡུན་དུ་ཡོད་པའི་བོད་མིའི་གཞིས་སྒར་དོན་གྲུབ་གླིང་དུ། རྒྱལ་ཡུམ་ཆེན་མོའི་དྲན་རྟེན་རྐང་སྤོལ་རྩེད་འགྲན་ཐེངས་༢༦ པ་གོ་སྒྲིག་བྱེད་རྒྱུ་ཡིན་པ་དང་། རྩེད་འགྲན་ལ་དེབ་སྐྱེལ་བྱེད་མཁན་རུ་ཁག་༡༤ བྱུང་ཡོད་ཀྱང་། རྒྱ་གར་ནང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་འགྲོ་བཞིན་པའི་རྐྱེན་གྱིས་ཟླ་༤ པའི་ཚེས་༡༥ བར་འགྲོ་བསྐྱོད་བཀག་སྡོམ་བྱེད་རྒྱུ་ཡིན་ཡང་། དེའི་རྗེས་སུ་གནས་སྟངས་གང་འདྲ་ཆགས་མིན་ཚོད་དཔག་བྱེད་རྒྱུ་ཁག་པོ་ཡིན་པས། གྲོས་སྡུར་རིམ་པ་བྱས་རྗེས། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་སྡུར་ལོ་གཅིག་རིང་ཕར་འགྱངས་བྱས་ཏེ། ཕྱི་ལོ་༢༠༢༡ ལོའི་ཟླ་༥ པའི་ཚེས་༣ ཉིན་གོ་སྒྲིག་བྱེད་རྒྱུ་ཡིན་སྐོར་གསུངས་སོང་། ལོ་རྗེས་མའི་རྩེད་འགྲན་ལ་འདི་ལོར་དེབ་སྐྱེལ་བྱས་པའི་རུ་ཁག་༡༤ དེ་དག་བར་རྩེད་འགྲན་བྱེད་རྒྱུ་རེད་འདུག

ཏོག་དབྱིབས་ནད་དུག་ལ་བརྟེན་ནས་རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་མང་པོ་ཞིག་ལོ་གཅིག་རིང་ཕར་འགྱངས་བྱེད་དགོས་འཁེལ་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།