འཕྲིན་ཕྲན་དང་སྤྱི་ཚོགས་དྲ་རྒྱའི་ཁེ་ཉེན།

བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༨༠༣ ཕྱི་ལོ་ ༢༠༢༠/༠༥/༢༡

དུས་རབས་ཉེར་གཅིག་པ་ནི་དྲ་རྒྱའི་དུས་རབས་སུ་གྲགས་ཤིང་། ལྷག་པར་དུ་ལོ་རབས་ཉི་ཤུ་པའི་ནང་འཛམ་གླིང་ཤར་ནུབ་ཀྱི་ཁོར་ཡུག་ཀུན་ཏུ་སྤྱོད་བདེའི་ཁ་པར་(Smart Phone)དང་མཉམ་དུ་སྤྱི་ཚོགས་འཕྲིན་ལམ་ཁག་དར་ཁྱབ་ཆེན་པོ་སོང་ཞིང་། དེ་དང་མཉམ་དུ་འཕྲིན་ལམ་འདྲ་མིན་སྣ་ཚོགས་ཤིག་འགྲན་རྩོད་ཧ་ཅང་ཆེན་པོའི་ཐོག་ནས་དར་ཁྱབ་སོང་ཡོད། ཁ་ཤས་ནི་ཡུན་རིང་མ་ཐོགས་པར་སྤྱི་ཚོགས་སུ་རྐང་པ་འཛུགས་མ་ཐུབ་པར་གྱུར་སོང་ཞིང་། དཔེར་ན་ངོ་དེབ་(Facebook) ནི་སྤྱོད་བདེའི་ཁ་པར་དར་ཁྱབ་ཆེན་པོ་བྱུང་བ་ནས། སྦྱིན་བདག་Mark Zuckerberg ཁེ་བཟང་གིས་གནམ་ལ་འཕུར་བའི་འཛམ་གླིང་གི་ཕྱུག་བདག་སྐད་གྲགས་ཅན་ཨང་དྲུག་པ་ཆགས་ཤིང་། ཁོང་ནི་ལོ་ན་༣༦ ལ་སོན་པའི་འཛམ་གླིང་གི་ན་གཞོན་ཕྱུག་བདག་ཆེ་ཤོས་ཨ་སྒོར་ཐེར་འབུམ་༧༧.༧ ($77.7 Billion) གྱི་བདག་པོར་གྱུར་པ་རེད། ད་ལྟའི་དུས་ཚོད་འདིར་སྤྱི་ཚོགས་དྲ་རྒྱ་ནི་དར་ཆེ་ཤོས་དང་དེ་ལ་བརྟེན་ནས་ཚོང་ལས་ཀྱང་དར་རྒྱས་ཧ་ཅང་ཆེན་པོར་གྱུར་ཟིན།

གོ་ལའི་ཁྱོན་ཡོངས་སུ་དར་ཁྱབ་ཆེན་པོ་ཡོད་པའི་སྤྱི་ཚོགས་འཕྲིན་ལམ་ཁག་རྒྱ་ནག་ཏུ་བཀག་སྡོམ་བྱས་ཡོད་ལ། དེ་དང་མཚུངས་པའི་འཕྲིན་ལམ་མི་འདྲ་བ་སྣ་ཚོགས་ཤིག་རྒྱ་གཞུང་གིས་གསར་བཟོ་བྱས་ནས་སྟངས་འཛིན་བྱེད་བཞིན་ཡོད། སྤྱིར་སྤྱི་ཚོགས་འཕྲིན་ལམ་ཁག་ནི་རྒྱལ་ཁབ་སོ་སོར་སྟངས་འཛིན་བྱེད་རྒྱུའི་ནུས་པ་ཆ་ཚང་ཡོད་པ་ཞིག་ཡིན་པ་དང་། འཕྲིན་ལམ་ཁག་གི་སྦྱིན་བདག་རྣམས་ནི་དཔལ་འབྱོར་གསོག་སྒྲུབ་བྱེད་མཁན་གྱི་ཚོང་པ་འབའ་ཞིག་རེད་ལ། དེ་དག་གི་དམིགས་ཡུལ་གཙོ་བོ་ནི་ཁེ་བཟང་མང་པོ་བཟོ་རྒྱུ་ཁོ་ན་ཡིན་པས། འགྲོ་བ་མིའི་ཐོབ་ཐང་དང་། རང་དབང་། འདྲ་མཉམ་ཞེས་པ་དེ་ཚོ་ཁ་གཡང་ཙམ་ལས་གཞི་འཛིན་ས་ཞིག་གཏན་ནས་མིན། དཔེར་ན་སྔོན་མ་གྷུ་གྷལ་(google)དྲ་ལམ་གྱིས་རྒྱ་གཞུང་གི་འདོད་པ་ཕལ་མོ་ཆེ་བསྒྲུབས་ནས་རྒྱ་ནག་ནས་ཁེ་བཟང་ཆེན་པོ་རག་རྒྱུའི་རེ་བ་རྒྱག་སྐབས། བོད་དང་། ཏཱ་ལའི་བླ་མ་སོགས་འཚོལ་བཤེར་མི་ཐུབ་པ་བཟོས་ཤིང་། ངོ་དེབ་ཏུའང་རྒྱ་ནག་གི་ནད་དུག་ཅེས་དབྱིན་ཡིག་གིས་བྲིས་ན་བཀག་སྡོམ་བྱེད་བཞིན་པ་ལྟ་བུ་རེད།

རྒྱ་ནག་རང་དུ་ཡོད་པའི་སྤྱི་ཚོགས་འཕྲིན་ལམ་ཚང་མས་གཅིག་མཚུངས་བཞིན་རྒྱ་གཞུང་གིས་དམ་དྲག་བྱེད་བཞིན་པའི་གནས་ཚུལ་ཁག་ཡོངས་རྫོགས་བཀག་སྡོམ་བྱེད་བཞིན་པ་དང། དྲ་རྒྱ་ལ་བརྟེན་ནས་བདེ་འཇགས་ཆུང་ཤོས་དང་། ཉེན་ཁ་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་རྒྱ་ནག་གཙོ་བོ་ཡིན་པ་དེ་འཛམ་གླིང་ཤར་ནུབ་ཕལ་ཆེ་བས་ངོས་འཛིན་གཅིག་གྱུར་བྱེད་བཞིན་ཡོད། རྒྱ་དམར་གཞུང་གི་ངོས་ནས་ཀྱང་དེ་ལྟར་དམ་དྲག་བྱེད་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་གཙོ་བོ་ནི། སྤྱི་ཚོགས་དྲ་ལམ་ཁག་གཏན་ནས་མེད་པ་ཞིག་བཟོ་ཐུབ་ཐབས་མེད་ཀྱང་། ད་ལྟ་ནས་སྟངས་འཛིན་ཡག་པོ་ཞིག་བྱེད་མ་ཐུབ་ན་མ་འོངས་པར་དམར་གཞུང་ལ་ཉེན་ཁ་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པར་ཚོད་དཔག་བྱས་ཡོད། ཉེན་ཁ་གང་ཡང་མེད་ན་འགྲོ་སོང་ཕོན་ཆེ་དེ་ཙམ་བཏང་ནས་དོ་དམ་བྱེད་མི་སྲིད་པས། རྒྱ་དམར་གཞུང་ལའང་འཕྲིན་ཕྲན་(WeChat)གཙོ་བོར་གྱུར་པའི་སྤྱི་ཚོགས་འཕྲིན་ལམ་ཁག་ནི་ཁེ་བཟང་ཡོད་པ་དང་། ཉེན་ཁ་ནི་དེ་བས་ཀྱང་ཡོད་པ་ཞིག་ཏུ་གྱུར་ཡོད་པ་དེ་སྨྲོས་མི་དགོས་པ་རེད།

བཙན་བྱོལ་སྤྱི་ཚོགས་སུ་འཕྲིན་ཕྲན་བེད་སྤྱོད་མི་རུང་བའི་དྲིལ་བསྒྲགས་སྔོན་ནས་བྱེད་ཀྱི་ཡོད་པ་དང་། ད་ལོ་ནི་དེ་བས་ཀྱང་ཚ་ཚ་འུར་འུར་དུ་གྱུར་འདུག ལས་འགུལ་དེ་བོད་དོན་ལ་སེམས་ཤུགས་ཀྱི་ཐོག་ནས་བྱུང་བས་བསྔགས་བརྗོད་འོས་པ་དང་རྒྱུ་མཚན་ཡང་ཡོད་པ་ཞིག་རེད། རྒྱ་གཞུང་གི་གཡོ་བྱུས་དང་ཧམ་སེམས་ལ་བསམ་བློ་བཏང་ན་འཕྲིན་ཕྲན་སོགས་བེད་སྤྱོད་གཏན་ནས་མི་འོས་པ་ཞིག་དང་། རྒྱ་ནག་གི་སྤྱི་ཚོགས་འཕྲིན་ལམ་ཁག་རྒྱ་གཞུང་གིས་དྲ་བའི་ཉེན་རྟོག་པ་ཁྲི་ཕྲག་མང་པོ་བཞག་ནས་སྟངས་འཛིན་དོ་དམ་བྱེད་བཞིན་པ་དང་། མི་གཅིག་སྟངས་འཛིན་དང་རྗེས་འདེད་ཀྱི་དམིགས་འབེན་དུ་བཟུང་ན་མི་དེའི་འགྲོ་འདུག་སྤྱོད་གསུམ་ཚང་མ་སྟངས་འཛིན་གྱི་འོག་ཏུ་འཇུག་ཐུབ་པ་ལྟ་བུའི་གནས་སྟངས་ཀྱང་ཡོད། གཞན་ད་ལྟའི་ཆར་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་རྒྱ་ཆེ་ཤོས་དེ་འཕྲིན་ཕྲན་བརྒྱུད་ནས་ཡོང་གི་ཡོད་པས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དེ་བེད་སྤྱོད་མ་བྱས་ན་དོན་གྱིས་རྒྱ་གཞུང་ཡང་དགའ་ངེས་རེད་ལ། ཕྱོགས་གཅིག་ནས་ངོ་དེབ་སོགས་འཕྲིན་ལམ་གཞན་ཡང་ཉེན་ཁ་གཏན་ནས་མེད་པ་ཞིག་མིན།

མདོར་ན་བཙན་བྱོལ་སྤྱི་ཚོགས་སུ་འཕྲིན་ཕྲན་བེད་སྤྱོད་བྱེད་མཁན་ཞིག་གིས། རང་ཉིད་དང་དྲ་ཚོམ་ཁག་ལ་སླེབས་པའི་འཕྲིན་ཐུང་རྣམས་གཅིག་ཀྱང་མ་ལུས་པར་བསྟར་ཆགས་སུ་ལྟ་ཀློག་ཐུབ་མཁན་ཞིག་ཕལ་ཆེར་མེད་ངེས་རེད། རྒྱ་གཞུང་ལ་མི་རྒྱུ་གཉིས་ཀའི་ཤུགས་ཡོད་ཀྱང་། བོད་མི་རེ་ལ་ཉུལ་མ་རེ་གཏོང་མི་ཐུབ་ཅིང་། བོད་སྐད་ཁོ་ན་བཤད་ན་དྲ་རྒྱའི་ཉེན་རྟོག་པའི་ནང་དུ་གོ་མཁན་ཡང་ཧ་ཅང་ཉུང་བས་ཁེ་ཕན་དང་ཉེན་ཁ་གཉིས་བསྡུར་ན་ཁེ་ཕན་ཆེ་སྙམ། བཙན་བྱོལ་ནང་བགྲོ་གླེང་བྱེད་ཡུལ་དྲ་ཚོམ་དང་། ཚོགས་པ་ཁག་གི་ལས་དོན་དང་འབྲེལ་བའི་དྲ་ཚོམ་ལ་འཕྲིན་ཕྲན་བེད་སྤྱོད་མཚམས་འཇོག་དགོས་པ་ལས། གཞན་བོད་ཕྱི་ནང་གཉིས་ཀྱི་འབྲེལ་ལམ་ཉག་གཅིག་ཏུ་གྱུར་པའི་འཕྲིན་ཕྲན་མཚམས་འཇོག་ཡོང་ཐབས་མེད་པ་ཞིག་ཏུ་གྱུར་ཟིན། ཉེན་ཁའི་ཕྱོགས་ནས་བཤད་ན་འཕྲིན་ཕྲན་ཙམ་མ་ཡིན་པར་ཁ་པར་ལའང་ཉེན་ཁ་ཧ་ཅང་ཆེ་བར་བཤད་པས། གདོད་མའི་དུས་རབས་སུ་ཕྱིར་ལོག་དགོས་པ་ལྟ་བུར་གྱུར་ཡོད་ཀྱང་། དེ་བས་དོ་སྣང་དང་གཟབ་ནན་གྱིས་ཉེན་ཁ་ཆེ་ཤོས་དེ་ཁེ་ཕན་ཆེ་ཤོས་སུ་སྒྱུར་ཐུབ་དགོས་སྙམ།།