རྒྱ་དཀར་ནག་གཉིས་ཀྱིས་རྩོད་རྙོག་ཅན་གྱི་ས་མཚམས་ནས་དམག་མི་ཕྱིར་འཐེན་བྱེད་རྒྱུར་མོས་མཐུན་བྱས་འདུག
དེ་རིང་སྟེ་རེས་གཟའ་མིག་དམར་ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ས་མཚམས་ཀྱི་རྩོད་རྙོག་དང་འགལ་བའི་སྐོར་ལ་ཡུན་རིང་གྲོས་མོལ་བྱས་རྗེས། རྩོད་རྙོག་ཅན་གྱི་ས་མཚམས་ནས་དམག་མི་ཕྱིར་འཐེན་བྱེད་པར་མོས་མཐུན་བྱུང་ཡོད་འདུག
དེ་ཡང་བདུན་ཕྲག་གོང་མར་ལ་དྭགས་ཕྱོགས་སུ་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མིའི་བར་དུ་ལོ་ངོ་བཅུ་ཕྲག་ལྔ་ལྷག་གི་ནང་དུ་བྱུང་མྱོང་མེད་པའི་ལག་འཛིང་དྲག་པོ་ཞིག་ཤོར་བའི་ནང་། རྒྱ་གར་གྱི་དམག་མི་༢༠ གདུག་རྩུབ་ཆེན་པོས་བསད་པའི་གནས་ཚུལ་བྱུང་རྗེས། རྒྱ་གར་བ་ཚོས་རྒྱ་ནག་གི་རྒྱལ་དར་མེ་ལ་བསྲེགས་པ་དང་། རྒྱ་ནག་གི་ཐོན་རྫས་བཀག་སྡོམ་གྱི་ལས་འགུལ་སྤེལ་བ་སོགས་ཁོང་ཁྲོའི་རྣམ་འགྱུར་དྲག་པོ་བསྟན་པ་མ་ཟད། རྒྱ་གར་གཞུང་ནས་ས་མཚམས་ཀྱི་དམག་མིའི་སྒྲིག་ཁྲིམས་འགྱུར་བ་བཏང་ནས་ཛ་དྲག་གི་གནས་སྟངས་འོག་གོ་མཚོན་བེད་སྤྱོད་བྱེད་ཆོག་པ་བཟོས་ཡོད་སྐོར་བསྒྲགས་ཡོད།
ཧི་མ་ལ་ཡའི་ནུབ་བརྒྱུད་དུ་འབྱུང་བཞིན་པའི་ཛ་དྲག་གི་འགལ་ཟླ་དེ་ཞི་འཇགས་ཡོང་བའི་ཆེད། ཕྱོགས་གཉིས་ཀའི་དམག་དཔོན་རྒན་གྲས་རྣམས་ཁ་སང་རེས་གཟའ་ཟླ་བའི་ཉིན་ཆུ་ཚོད་༡༡ ལ་འཚོགས་ནས་གྲོས་མོལ་བྱས་པ་དང་། དེ་རིང་འབྲེལ་ཡོད་མི་སྣ་ཚོས་རྒྱལ་ཁབ་གཉིས་འགལ་ཟླ་ཞི་འཇགས་གཏོང་བའི་མོས་མཐུན་བྱུང་ཡོད་སྐོར་བསྒྲགས་འདུག
རྒྱ་གར་གྱིས་ཕྱོགས་ནས་“ཤར་ལ་དྭགས་སུ་ཆགས་པའི་རྩོད་རྙོག་ཅན་གྱི་ས་ཁུལ་ཚང་མ་ནས་དམག་མི་ཕྱིར་འཐེན་བྱེད་ལུགས་བྱེད་ཚུལ་དེ་ཞིབ་གྲོས་བྱས་ཏེ་ཕྱོགས་གཉིས་ཀས་ལག་བསྟར་བྱེད་ངེས་”ཞེས་བཤད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།