སྦས་ཡུལ་འབྲས་མོ་ལྗོངས་སུ་སླེབས་པའི་ཉིན་དང་པོ
དེ་བཞིན་བོད་ཀྱི་ས་ཁུལ་གཞན་དང་བསྡུར་ན་འབྲས་ཀྱི་སྟོན་ཐོག་ཤིན་ཏུ་བཟང་བས་འབྲས་ལྗོངས་ཞེས་ཐོགས་པ་གྲགས།
ལུང་པ་འདི་བལ་ཡུལ་དང་བོད་ཀྱི་ས་ཁུལ་ཁག་དང་འདྲེས་ཡོད་པས་བལ་རིགས་ཧ་ཅང་གི་མང་པོ་འདུག ད་ལྟའི་སྐབས་མི་འབོར་བརྒྱ་ཆ་༨༠ བལ་རིགས་ཡིན་པ་མ་ཟད་མངའ་སྡེའི་བློན་ཆེན་ཡང་བལ་པོ་རེད་འདུག འབྲས་ལྗོངས་ཀྱི་མི་རིགས་བརྒྱ་༢༠ ཙམ་ལས་མེད་པ་དང་ཕོ་གསར་མོ་གསར་མང་ཆེ་བ་ལས་མེད་དང་འཁྱམ་ཉུལ་བ་རེད་ཟེར་གྱི་འདུག རྒྱ་གར་དབུས་ཀྱི་གྲོས་ཚོགས་སུ་མངའ་སྡེ་འདིར་རྐུབ་སྟེགས་༣༣ ཡོད་པའི་ནང་འབྲས་ལྗོངས་བ་ཚོར་རྐུབ་སྟེགས་༦ ལས་མི་འདུག དེ་མིན་ཡོངས་རྫོགས་བལ་རིགས་ཚོར་ཐོབ་ཀྱི་ཡོད་པ་དང་། འབྲས་ལྗོངས་བ་ཚོས་རྐུབ་སྟེགས་དྲུག་དེ་ཟིན་ཐུབ་ཙམ་ལས་དཔོན་པོ་ནུས་པ་ཅན་ཞིག་ཐོན་གྱི་མེད་ཚོད་འདུག བོད་པ་ཚོས་ཟེར་ན་འབྲས་ལྗོངས་བ་རྣམས་ཀྱིས་རང་གི་ལུང་པའི་ནང་རང་ཉིད་གྲངས་ཉུང་མི་རིགས་ཆགས་ཀྱི་ཡོད་པ་ཤེས་ཀྱི་ཡོད་མ་རེད། ད་དུང་བོད་པ་ཚོ་ལ་ཕྲག་དོག་བྱས་ཏེ་འཁང་ར་བྱས་པ་དང། ཁང་ས་སོགས་ཉོ་སྐབས་དོན་མེད་རྙོག་གླེང་བཟོས་པ་ལས། ད་ལྟའི་སྐབས་བལ་རིགས་ཚོས་མངའ་སྡེའི་དབང་ཆ་ཡོངས་རྫོགས་འཕྲོག་བཞིན་ཡོད་པ་ལ་དོ་སྣང་ཙམ་ཡང་བྱེད་ཀྱི་མི་འདུག་ཅེས་བརྗོད་ཀྱི་འདུག མངའ་སྡེ་འདིའི་ནང་རྒྱ་གར་གྱི་ཆབ་སྲིད་ཚོགས་པ་<Congress>ཤུགས་ཆེན་པོ་ཡོད་པ་ལས།< BJP> ཆབ་སྲིད་ཚོགས་པ་ཧ་ལམ་མེད་ཚོད་འདུག <Congress >ཆབ་སྲིད་ཚོགས་པའི་ཁ་གཏད་ལ་ས་གནས་འདི་ནས་ཆབ་སྲིད་ཚོགས་པ་གཞན་ཞིག་འདུག དེ་ཡང་རྒྱ་གར་རྒྱལ་ཡོངས་སུ་ཡོངས་སུ་གྲགས་པའི་ཆབ་སྲིད་ཚོགས་པ་ཞིག་རེད་མི་འདུག
ས་གནས་འདིར་ཡོད་པའི་བོད་པ་མང་ཆེ་བ་འབྱོར་ལྡན་རེད་འདུག མང་ཆེ་བ་ལ་ཁང་པ་ཐོག་བརྩེགས་ཅན་རེ་དང། འགའ་རེ་ལ་ཁང་པ་ཐོག་བརྩེེགས་ཅན་གསུམ་རེ་ཡོད་མཁན་ཡང་འདུག དེ་བཞིན་ཚོང་ཁང་དང་ཟ་ཁང། འགྲིམ་འགྲུལ་ཁང། མགྲོན་ཁང་། སྐྱེལ་འདྲེན་ཁང་སོགས་བདག་གཉེར་བྱས་ཏེ་འཚོ་བའི་ཐད་ལ་སྐྱབས་བཅོལ་བའི་གནས་བབས་དང་བསྟུན་ན་ཤིན་ཏུ་ལེགས་པོ་འདུག་ཅེས་བརྗོད་ཆོག་གི་འདུག བོད་མི་མང་པོ་ཞིག་ལ་ཡུལ་མིའི་ལག་འཁྱེར་ཡོད་པ་དང་དེ་ཡང་སྔོན་དུས་བདུན་ཅུ་དོན་གྲངས་ནང། འབྲས་ལྗོངས་རྒྱལ་པོས་དབང་ཆ་ཤོར་ལ་ཉེ་བའི་སྐབས་བོད་མི་ཚོ་འབྲས་ལྗོངས་རྒྱལ་པོའི་མངའ་འབངས་སུ་བཅུག་ནས། མངའ་འབངས་དཔུང་སྣོན་ལྟ་བུས་འཆར་འགོད་བྱས་ནས། བོད་མི་ཚོའི་སྡོད་ཁང་རེ་རེ་བྱས་ཏེ་ཡུལ་མིའི་ཐོབ་ཐང་ལག་འཁྱེར་སྤྲོད་པར་ཡོང་ཡོད་ཀྱང། སྐབས་དེའི་བོད་མི་ཚོས་ང་ཚོ་བོད་ལ་མགྱོགས་པོ་ལོག་ངེས་ཡིན་པས་འབྲས་ལྗོངས་ཀྱི་ཡུལ་མིའི་ཐོབ་ཐང་དགོས་ཀྱི་མི་འདུག་ཅེས་བརྗོད་དེ་ཐོབ་ཐང་ལག་འཁྱེར་ལེན་མེད་པ་དང།་ཡང་འགའ་རེ་ལ་སྔ་ཕྱི་བསམ་བློ་གང་ཡང་འཁོར་མེད་ནའང་ལག་འཁྱེར་དེ་ལེན་པའི་རིགས་ཅིག་བྱུང་ཡོད་འདུག ད་ལྟའི་སྐབས་བོད་མི་ཚོས་ཐབས་ཤེས་དང་ཁྲིམས་མཐུན་སྣ་ཚོགས་བྱས་ཏེ་ཡུལ་མིའི་ཐོབ་ཐང་ལག་འཁྱེར་ཐོབ་མཁན་མང་པོ་འདུག དབུས་བོད་སློབ་ཐོན་པའི་བོད་རིགས་གཞོན་སྐྱེས་མང་པོས་ས་ཁུལ་འདིར་ལས་གནས་མཐོན་པོ་འཛིན་མཁན་འདུག དཔེར་ན། དངུལ་ཁང་གི་དོ་དམ་པ། གསང་བའི་ལས་ཁུངས་ཀྱི་འགན་འཛིན་གཞོན་པ། བཟོ་གྲྭའི་སྤྱི་ཁྱབ་འགན་འཛིན། གཙུག་ལག་སློབ་གྲྭའི་དགེ་རྒན། ཁང་བཟོ་འཆར་འགོད་པ་སོགས་བོད་རིགས་ <V I P> གལ་གནད་ཆེ་བའི་མི་སྣ་མང་པོ་ཡོད་པ་དང། རླངས་འཁོར་ཏོག་དམར་པོ་ཅན་ནང་འགྲོ་མཁན་བོད་པ་མང་པོ་མཐོང་རྒྱུ་འདུག་པས་སེམས་ནང་དགའ་བ་སྐྱེས་ཀྱི་འདུག ད་དུང་རྡོ་རྗེ་གླིང་དབུས་བོད་སློབ་ནས་ཐོན་པའི་བལ་བོད་འདྲེས་པའི་མི་དར་མ་ཞིག་ལུང་པ་འདིའི་གློག་ཤུགས་རྒྱ་བསྐྱེད་ཀྱི་བློན་ཆེན་རེད་འདུག་ལ་ཁོང་གི་བཟའ་ཟླ་བོད་པ་གཙང་མ་རེད་འདུག ང་ལ་བློན་ཆེན་བཟའ་ཟླ་གཉིས་དང་ལྷན་དུ་དགོང་ཟས་ཐེངས་ཅིག་བཟས་པའི་གོ་སྐབས་ཐོབ་བྱུང་བས་ང་ཚོས་བསམ་ཚུལ་བརྗེ་རེས་མང་པོ་བྱས་པ་ཡིན།
སྒང་ཏོག་གི་བོད་མི་ཚོས་བོད་དོན་གྱི་ཆེད་དུ་ལས་ཀ་མང་པོ་བྱེད་ཀྱི་ཡོད་པ་དང། ས་གནས་འདིའི་གཞོན་ནུ་ཚོགས་པའི་རྒྱུན་ལས་ཚོས་ལས་འགུལ་མང་པོ་ཞིག་གིས་སྣེ་འཁྲིད་ཀྱི་ཡོད་པས། བོད་མི་ཚོ་ཁ་འཐོར་བསྡད་ཡོད་ཀྱང་གཞོན་ནུའི་རྒྱུན་ལས་ཚོ་ཐུག་སྐབས་ངོ་མི་ཤེས་མཁན་ཧ་ལམ་མི་འདུག རྒྱུན་ལས་ཚོ་ལ་སྒེར་གྱི་རླངས་འཁོར་ཆུང་བ་ཡོད་མཁན་མང་པོ་འདུག ཕར་ཚུར་འགྲོ་སྐབས་རང་ཉིད་ཀྱི་རླངས་འཁོར་བེད་སྤྱད་དེ་འགྲོ་ཡི་འདུག སྤྱིར་བོད་པའི་སྐྱིད་སྡུག་༢༢ ཙམ་འདུག་སྟེ་སྐྱིད་སྡུག་དེ་དག་དྷ་སའི་སྐྱིད་སྡུག་ཁག་དང་འདྲ་བ་ལུང་ཚན་གྱི་སྐྱིད་སྡུག་རེད་མི་འདུག དཔེར་ན། གྲོགས་པོ་སྐྱིད་སྡུག བུད་མེད་སྐྱིད་སྡུག སློབ་ཟུར་སྐྱིེད་སྡུག རླངས་འཁོར་སྐྱིད་སྡུག་ཟེར་བ་སོགས་ལས་གནས་ཕྱོགས་མཐུན་གྱི་སྐྱིད་སྡུག་རེད་འདུག ཉེན་ཁ་ཅན་ཞིག་ཡོད་པ་ནི་བོད་གཞུང་སམ་བྷོ་ཊའི་སློབ་གྲྭ་རེད་འདུག དེ་ཡང་སློབ་གྲྭའི་འཛིན་ཁང་དང་ལས་ཁུངས་སོགས་ཐོག་བརྩེགས་གསུམ་ཅན་ཞིག་གསར་པ་རེད་འདུག་ཀྱང། ས་གཤིས་སྐྱོ་པ་ཡིན་པས་ཆར་དུས་སོགས་ཀྱི་སྐབས་ཁང་གཞི་བརྡིབས་ནས་མཛོད་ཁང་དང་ཐབ་ཚང། རྩེད་ཐང་སོགས་ལ་ས་ཡོམ་ཆེན་པོ་ཞིག་བརྒྱབ་པ་དང་འདྲ་བ་གས་ཆག་དང་གས་སྲུབ་ཀྱིས་ཁེངས་འདུག མཚམས་རེ་མ་བྱན་སོགས་ཁང་པའི་ནང་ཉལ་ཕོད་ཀྱི་མེད་པ་དང། ལ་ལས་ཟེར་ན་གློ་བུར་དུ་ཁང་པ་ཡོངས་རྫོགས་བརྡིབས་པའི་ཉེན་ཁ་འདུག་ཟེར་གྱི་འདུག ༧གོང་ས་མཆོག་གིས་སློབ་གྲྭ་དེ་མ་བརྒྱབ་པའི་སྔོན་ནས་ས་གཤིས་ཡག་པོ་མི་འདུག་ཅེས་གསུངས་མྱོང་ཡོད་ཀྱང། སྐབས་དེའི་ལས་ཀྱི་སྣེ་མོ་བ་ཚོས་ས་ཆ་གཞན་དག་མ་རག་ནས་བརྒྱབ་ཡོད་པ་དང། དེ་བཞིན་ཁང་པ་འཆར་འགོད་པས་༢༠༠༠ ལོར་ལས་གཞི་དངོས་སུ་འགོ་འཛུགས་དུས་ཀྱང་ལོ་བཅུ་མ་གཏོགས་ཁང་པ་བརྟན་གནས་ཐུབ་པའི་ཁས་ལེན་བྱེད་ཐུབ་ཀྱི་མི་འདུག་ཅེས་བརྗོད་ཡོད་འདུག སློབ་གྲྭ་དེའི་དགེ་ཆེས་ཁང་པ་འཆར་འགོད་པས་ཟེར་བ་བཞིན་ད་ལོ་༡༠ རྫོགས་ཚར་སོང་། ཉེན་ཁ་གང་ནས་ཡོང་གི་ཡོད་མེད་ཤོད་ཚོད་ཐིག་གི་མི་འདུག་ཅེས་དངངས་སྐྲག་ཆེ་མདོག་ཁག་པོ་བྱས་ཏེ་གསུང་གི་འདུག
སྒང་ཏོག་གི་ཁྲོམ་གཞུང་ཁག་ཏུ་བསྐྱོད་སྐབས་རླངས་འཁོར་དང་། མགྲོན་ཁང་ཆེ་ཁག ཚོང་ཁང་། མི་མང་འཛོམས་སའི་ཁྲོམ་གཞུང་ལྟེ་གནས་ཁག་ཏུ་དཔལ་རྒྱལ་བ་ཀརྨ་པ་མཆོག་གི་སྐུ་པར་གང་སར་མཇལ་རྒྱུ་འདུག ངའི་བསམ་པ་གཅིག་ནས་ཉེ་དུས་རྒྱལ་བ་ཀརྨ་པ་མཆོག་འབྲས་ལྗོངས་སུ་ཕེབས་བསྐྱོད་ཀྱི་ཆོག་མཆན་འབུལ་དགོས་ཞེས། འབྲས་ལྗོངས་མི་མང་དང་འབྲེལ་ཡོད་ནང་པ་ཚོས་རྒྱ་གར་དབུས་གཞུང་ལ་ཞུ་འབོད་ཀྱི་ལས་འགུལ་ཆེན་པོ་ཞིག་སྤེལ་མ་ཐག་ཡིན་པས། སྐུ་པར་འགྲེམས་སྟོན་གྱི་ལས་གཞི་མཇུག་རྫོགས་མེད་པ་དང། གཉིས་ནས་རྒྱལ་བ་ཀརྨ་པ་སྐུ་གོང་མ་ལུང་པ་འདིའི་ནང་ཡུན་རིང་བཞུགས་པ་དང་རུབ་སྟེགས་དགོན་པ་ལུང་པ་འདིའི་ནང་ཡོད་པ། དེ་བཞིན་སྐུ་གོང་མ་ལུང་པ་འདིའི་མི་མང་དང་དམིགས་བསལ་གྱི་འབྲེལ་ལམ་ཆེ་བ། དེ་བཞིན་ལུང་པ་འདིའི་ནང་གི་འབྲས་ལྗོངས་བ་དང། བལ་རིགས་སོགས་བཀའ་རྙིང་ཕོན་ཆེན་པོ་ཡིན་པས་དམིགས་བསལ་གྱི་འབྲེལ་བ་ཞིག་ཆགས་བསྡད་ཡོད་པ་རེད། ང་ལ་མི་གཅིག་གིས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལུང་པ་འདིའི་ནང་ཞབས་སོར་འཁོད་ནས་བརྟན་འཇགས་བཞུགས་ཐུབ་ན། ལུང་པ་འདིའི་ནང་པ་ཡོངས་རྫོགས་ཆིག་སྒྲིལ་ཡོང་བར་ཕན་ཐོག་ཆེན་པོ་དང། དེ་བཞིན་བོད་མི་དང་ཡུལ་མིའི་དབར་འབྲེལ་ལམ་སྔར་ལས་ལྷག་པ་བཟང་དུ་འགྲོ་རྒྱུར་ཕན་ཐོག་ཆེན་པོ་ཡོང་ས་རེད་ཅེས་གསུང་གི་འདུག
ཕྱི་ལོ་༢༠༡༠ ཟླ་༡༡ ཚེས་༢༨ ཉིན་ལི་ཐང་འཇམ་དབྱངས་བཟོད་པས་སྦས་ཡུལ་འབྲས་མོ་ལྗོངས་ནས།
