ཧོང་ཀོང་ནང་ལས་འགུལ་བ་༢༨༩ འཛིན་བཟུང་བྱས་འདུག
ཧོང་ཀོང་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་ཁ་གཡར་ནས་གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱས་དེ་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལག་བསྟར་བྱས་ཞིག་ཡིན་པར་ངོ་རྒོལ་ལས་འགུལ་སྤེལ་རྐྱེན། ལས་འགུལ་བ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་འདུག
འཆར་གཞི་ལྟར་བྱས་ན་ཟླ་༩ པའི་ཚེས་༦ ཉིན་ཧོང་ཀོང་ནང་དུ་གྲོས་ཚོགས་འོས་བསྡུ་བྱེད་འཆར་ཡོད་པ་དང་། མང་གཙོ་དོན་གཉེར་བའི་ཤོག་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་རྒྱུ་ཡིན་པའི་ཚོད་དཔག་དང་རེ་བ་ཆེན་པོ་བྱེད་ཀྱི་ཡོད་པ་རེད་དེ། ཟླ་༧ པའི་ཚེས་༣༡ ཉིན་ཧོང་ཀོང་གི་སྤྱི་ཁྱབ་དཔོན་ལྕམ་ཁཱེ་རི་ལམ་གྱིས་གསལ་བསྒྲགས་ཤིག་སྤེལ་ནས། ཧོང་ཀོང་ནང་ཏོག་དབྱིབས་ནད་དུག་ཁྱབ་གདལ་བསྐྱར་ལངས་བྱུང་ནས། ནད་པ་མང་པོ་ཞིག་གི་ནད་དུག་འབྱུང་ཁུངས་མི་སྣ་རྩད་གཅོད་མི་ཐུབ་པའི་གནས་སྟངས་འོག ཁྲིམས་ལུགས་ནང་ཛ་དྲག་དུས་སྐབས་སྟངས་འཛིན་གྱི་ཁྲིམས་ནུས་ཡོད་པ་བཟོས་ནས། ཟླ་༩ པའི་ནང་གི་གྲོས་ཚོགས་འོས་བསྡུ་ཕྱིར་འགྱངས་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། རྒྱ་ནག་དབུས་གཞུང་གིས་ཀྱང་ཐག་གཅོད་དེར་རྒྱབ་སྐྱོར་ཐོབ་ཡོད་སྐོར་བསྒྲགས་ཡོད་པས། ཁ་སང་ཟླ་༩ པའི་ཚེས་༦ ཉིན་ཧོང་ཀོང་ནང་དུ་ལས་འགུལ་བ་བརྒྱ་ཕྲག་མང་པོ་ཞིག་གིས་འོས་བསྡུའི་ཐོབ་ཐང་དང་། ཧོང་ཀོང་གི་རང་དབང་། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་ལ་ངོ་རྒོལ། ཧོང་ཀོང་གི་རང་བཙན་སོགས་ཀྱི་ཐོག་ལ་སྐད་འབོད་དང་འཕྲེད་དར་དང་སྦྱར་ཡིག་འཁྱེར་ནས་ལས་འགུལ་སྤེལ་ཡོད་འདུག
ཧོང་ཀོང་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེན་སོང་མེད་ཀྱང་། གཞུང་གིས་མི་གཉིས་ལས་མང་བ་འཛོམས་ཆོག་གི་མེད་པ་དང་། ལས་འགུལ་བ་ཚོས་ཁྲིམས་གསར་པ་དེ་ནི་ཏོག་དབྱིབས་ནད་དུག་བཀག་འགོག་དང་འབྲེལ་བ་མེད་ཁར། དེ་ནི་མང་གཙོའི་ལས་འགུལ་བཀག་འགོག་བྱེད་ཆེད་ཡིན་སྐོར་བརྗོད་བཞིན་འདུག ཉེན་རྟོག་པས་ཀྱང་ཁྲིམས་དེ་ལུང་འདྲེན་བྱས་ཏེ། ཉེ་བའི་ཆར་ངོ་རྒོལ་ལས་འགུལ་མང་པོ་ཞིག་སྤེལ་བའི་ཆོག་མཆན་སྤྲད་མེད་པ་རེད་འདུག
རྒྱ་ནག་གཞུང་གིས་ཧོང་ཀོང་ནང་དུ་རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་བཙན་དབང་ཐོག་ནས་ལག་བསྟར་བྱས་རྗེས། ངོ་རྒོལ་ལས་འགུལ་ནང་གི་འབོད་ཚིག་མང་པོ་ཞིག་ཀྱང་ཁྲིམས་འགལ་ཆགས་ཡོད་འདུག ཉེན་རྟོག་པས་བརྗོད་པར་གཞིགས་ན་ལས་འགུལ་བ་མང་ཆེ་བ་ཞིག་ཁྲིམས་འགལ་གྱི་འདུ་འཛོམས་དང་འབྲེལ་ནས་འཛིན་བཟུང་བྱས་ཡོད་པ་དང་། བུད་མེད་གཅིག་གིས་ཧོང་ཀོང་གི་རང་བཙན་གྱི་འབོད་ཚིག་འགྲེམས་སྤེལ་བྱས་རྐྱེན་འཛིན་བཟུང་བྱས་ཡོད་འདུག
དེ་སྔོན་ཡིན་ན་ལས་འགུལ་བ་ཚོས་མང་ཚོགས་ལས་ལོགས་སུ་ཐོན་ནས་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་རེད་དེ། ཐེངས་འདིར་ལས་འགུལ་བ་མང་པོ་ཞིག་གིས་མང་ཚོགས་ནང་དུ་འཛུལ་ནས། སྐད་འབོད་རྒྱག་པ་དང་ངོ་རྒོལ་གྱི་ལག་བརྡ་སྟོན་པ་སོགས་སྐབས་སྐབས་སུ་བྱེད་ཀྱི་ཡོད་པ་རེད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
