ཐའེ་ཝན་དང་འབྲེལ་ནས་རྒྱ་ནག་གཞུང་ཚབ་ཀྱིས་རྒྱ་གར་གསར་ཁང་ཁག་ལ་ཡི་གེ་ཞིག་བཏང་འདུག

 ཐའེ་ཝན་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཉིན་མོ་སླེབས་ལ་ཉེ་བ་དང་བསྟུན། རྒྱ་ནག་གི་གཞུང་ཚབ་ཁང་གིས་རྒྱ་གར་གྱི་གསར་འགོད་པ་ཚོར་རྒྱ་ནག་གཅིག་གྱུར་གྱི་སྲིད་བྱུས་ལ་གུས་བརྩི་དང་། ཐའེ་ཝན་ལ་རྒྱལ་ཁབ་གཅིག་གི་ཡིན་པ་ངོས་འཛིན་བྱེད་མི་རུང་སྐོར་འཁོད་པའི་ཡི་གེ་བཏང་ཡོད་འདུག 

ཟླ་༡༠ པའི་ཚེས་༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༠ པའི་ཚེས་༡༠ ཉིན་ཐའེ་ཝན་གྱིས་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་འགོ་བཙུགས་བྱས་པའི་ཉིན་མོ་སྲུང་བརྩི་བྱེད་རྒྱུ་ཡིན་པས། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་ནས། རྒྱ་གར་གྱི་གསར་འགོད་པ་ཚོར་ཡི་གེ་རེ་བཏང་འདུག ཡི་གེ་དེའི་ནང་ཐའེ་ཝན་དེ་ཁ་འབྲལ་ཐབས་པའི་རྒྱ་ནག་གི་མངའ་ཁོངས་ཀྱི་ཆ་ཤས་ཤིག་ཡིན་པས། རྒྱ་ནག་གི་རེ་བ་ལ་རྒྱ་གར་གྱི་གསར་ཁང་ཁག་གིས་རྒྱ་གར་དབུས་གཞུང་གི་ཐའེ་ཝན་གྱི་གནད་དོན་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་གུས་བརྩི་ཞུས་ནས། རྒྱ་ནག་གཅིག་གི་སྲིད་བྱུས་རྩིས་མེད་མི་གཏོང་བ་རེ་བ་བྱེད་ཀྱི་ཡོད། དེ་བཞིན་ཡི་གེ་དེའི་ནང་“ཐའེ་ཝན་ལ་རྒྱལ་ཁབ་དང་། རྒྱ་ནག་སྤྱི་མཐུན། དེ་བཞིན་རྒྱ་ནག་གི་ཐའེ་ཝན་མངའ་ཁུལ་གྱི་འགོ་ཁྲིད་ལ་སྲིད་འཛིན་”ཞེས་མིང་འབོད་བྱེད་མི་རུང་བ་དང་། དེའི་རྒྱུ་མཚན་ནི་མི་མང་ལ་བརྡ་ལན་ནོར་བ་མི་སྤྲོད་པའི་ཆེད་དུ་ཡིན་སྐོར་བརྗོད་ཡོད་འདུག  རྒྱ་ནག་གཞུང་ཚབ་ཀྱིས་འདས་པའི་རྒྱ་གར་གྱི་གསར་ཁང་ཚོར་ཡི་གེ་དེ་དང་གཅིག་མཚུངས་གཏོང་མྱོང་མེད་འདུག 

ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གིས་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་ཐའེ་ཝན་གྱི་འགོ་ཁྲིད་ཐོག་གནས་ཚུལ་སྤེལ་བ་དང་། ཐའེ་ཝན་ལ་རྒྱབ་སྐྱོར་བྱས་པ་ཐོན་ཚེ་དགག་བྱའི་བསྒྲགས་གཏམ་མང་པོ་སྤེལ་གྱི་ཡོད་འདུག དེ་ཡང་ཟླ་༢ པའི་ནང་རྒྱ་གར་དུ་ཡོད་པའི་ཐའེ་ཝན་གྱི་སྐུ་ཚབ་ལ་བཅར་འདྲི་བྱས་པར་དགག་བྱ་ཆེན་པོ་བྱས་ཡོད་འདུག དེ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་གདལ་སོང་བའི་རྗེས་སུ་རྒྱ་གར་གྱི་བརྒྱུད་ལམ་ཁག་ཅིག་ནང་དུ། འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་སུ་ཐའེ་ཝན་ནང་འཇུག་བྱེད་དགོས་སྐོར་གྱི་གནས་ཚུལ་ཐོན་པར། དགག་བྱའི་བསྒྲགས་གཏམ་མི་འདྲ་བ་གཉིས་སྤེལ་ཡོད་འདུག 

རྒྱ་གར་དང་རྒྱ་ནག་གཉིས་ཧིན་བོད་གཉིས་ཀྱི་ས་མཚམས་སུ་གདོང་ཐུག་བྱུང་བའི་རྐྱེན་གྱིས། རྒྱ་གར་མི་མང་ནང་རྒྱ་ནག་ལ་འཁོན་སེམས་ཆེ་རུ་སོང་ཡོད་པ་དང་། མི་མང་ནང་རྒྱ་ནག་གི་ཚོང་ཟོག་ངོ་རྒོལ་ལས་འགུལ་སྤེལ་ཡོད་ཁར། བོད་དང་ཐའེ་ཝན་ལ་རྒྱབ་སྐྱོར་རྣམ་པ་ཡང་ཆེ་རུ་ཕྱིན་ཡོད་པ་རེད་དེ། ད་ལྟའི་ཆར་རྒྱ་གར་གཞུང་གིས་བོད་དང་ཐའེ་ཝན་ཐོག་འཛིན་བཞིན་པའི་སྲིད་བྱུས་ལ་འགྱུར་བ་གཏོང་རྒྱུ་ཡིན་པའི་རྣམ་པ་གསལ་པོ་གང་ཡང་ཕྱིར་བསྒྲགས་བྱས་མེད་པ་རེད། 

ཐའེ་ཝན་དང་རྒྱ་གར་གཉིས་བར་གཞུང་འབྲེལ་གྱི་འབྲེལ་བ་མེད་ཀྱང་། ཕྱོགས་གཉིས་ཀས་གཞན་ཕྱོགས་ཀྱི་རྒྱལ་སར་ཚོང་དོན་ལས་ཁུངས་རེ་ཉར་ཡོད་པ་དང་། དེ་གཉིས་ཀྱིས་གཞུང་ཚབ་ཀྱི་ལས་དོན་ཡང་སྤེལ་གྱི་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།